ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས་བཅུ་དྲུག་ཉིན་པེ་ཅིན་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་གཙོ་ཆུའུ་ཆིན་ཧྲན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ།
ཆུའུ་ཆིན་ཧྲན་གྱིས་སྙན་ཞུའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་མ་ལག་ལྡན་པའི་སྒོ་ནས་གཅིག་བསྡུས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྩ་འཛུགས་བྱེད་རྒྱུ་དེ་ལོ་རྒྱུས་ཉམས་མྱོང་སྤྱི་སྡོམ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་ལ་རྒྱུས་ལོན་བྱེད་པ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིབ་ཏུ་བཤད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ལ་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་སོགས་ཐད་ནས་འགྲེལབཤད་བྱས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ནས་མ་ལག་ལྡན་པའི་འགྲེལ་ཀློག་བྱས།
སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། ཉན་མཁན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པར་རོགས་སྐྱོར་བྱས། པེ་ཅིན་དུ་ཡོད་པའི་ཏང་སྲིད་དམག་གསུམ་གྱི་ལས་བྱེད་པ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་མི་སྣ། མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། ལས་རིགས་སོ་སོའི་མང་ཚོགས་བཅས་བསྡོམས་པས་མི་བདུན་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིན་དུ་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས་རྗེས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་སོང་ནས་སྒྲོག་འགྲེལ་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།