ཟླ་གསུམ་པའི་དྲོད་འཇམ་རླུང་བུས་དཔལ་ཐང་རྩྭ་ཐང་གི་གྲང་ངར་རིམ་གྱིས་དེད་དེ་ས་གཞི་ཡོངས་ལ་དྲོད་ཀྱིས་ཁེངས།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཆགས་པའི་ཁྲ་མགུ་སྡེ་བའི་ཏང་གཤིས་སློབ་གསོ་ལྟེ་གནས་སུ་ཡང་བསྐྱར་“མགྲོན་པོ་”གསར་བ་སྐོར་ཞིག་སླེབས། ཁོ་ཚོ་ནི་གཞན་མ་ཡིན་པར། ཡུས་ཧྲུའུ་ཁུལ་དང་གྲོང་ཁྱེར་གྱི་སྐབས་བརྗེའི་འདེམས་བསྐོའི་རྗེས་སུ་གསར་དུ་འགན་བཞེས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དག་རེད།
ཁྲ་མགུ་སྡེ་བ་ནི་གནོད་ཤུལ་བསྐྱར་འཛུགས་ཀྱི་“སྡེ་བ་དང་པོ”་ཡིན་པའི་ཆ་ནས། རྒྱལ་ཡོངས་ཏང་ཡོན་རྣམས་ཀྱིས་ཞལ་འདེབས་ཕུལ་ཏེ་བསྐྲུན་པའི་ཏང་ཡོན་བྱ་འགུལ་ཁང་གཞི་བྱས་ཤིང་། ཏང་གཤིས་སློབ་གསོ་དང་དྲིན་ཚོར་སློབ་གསོ་འབུར་དུ་བཏོད་ནས། ཁྲ་མགུ་སྡེ་བ་ནི་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཕུགས་འདུན་དང་དད་སེམས་རྩ་བརྟན་དུ་གཏོང་བ་དང་། དྭངས་གཙང་གི་ཏང་གཤིས་བློ་སྦྱོང་ཡོད་པ། དྲིན་ཚོར་དང་དྲིན་ཤེས། དྲིན་གཟོ་བཅས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུར་གྱུར།
བཀྲ་ཤིས་དར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་འཇམ་རྒྱལ་རྡོ་རྗེ་ཡིས་བཤད་རྒྱུར།“ཁྲ་མགུ་སྡེ་བ་རུ་ཐོན་ཚེ“ཏང་”མཐོང་བ་དང་འདྲ་བར། ཏང་ཡོད་ན་ང་ཚོར་སྲོག་ཤིང་ཡོད་ལ་བྱ་བ་བསྒྲུབ་པའི་སྟོབས་ཤུགས་ཀྱང་ཡོད་” ཟེར།
ཏང་གཤིས་སློབ་གསོ་ལྟེ་གནས་ཀྱི་ལམ་འགྲམ་གཉིས་སུ། སྤུས་ལེགས་ཀྱི་འགྲེམས་བྱང་རེ་རེས་་གྲུབ་པའི་ཏང་གི་ལོ་རྒྱུས་སློབ་གསོའི་སློབ་སྦྱོང་གི་ཁྱམས་རིང་ནི་དངོས་གནས་ཐུན་མོང་མ་ཡིན་པ་ཞིག་རེད། འགྲེམས་བྱང་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་བཙུགས་ལོ་རྒྱུས་ལམ་ཚད་མཚོན་པའི་འདྲ་པར་རེ་རེར་གསོན་ཉམས་ལྡན་ཞིང་། གསར་བརྗེ་སྔོན་རབས་པ་དག་གི་མི་སེམས་འགུལ་བའི་བྱས་རྗེས་ཀྱིས་གུས་བཀུར་ཚད་མེད་བྱེད་དུ་བཅུག
“ 1950ལོའི་ཟླ་6པར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་གནས་དང་དམག་དཔུང་ནས་ཏང་ཡོན་ཕུལ་བྱུང་ཅན་147བདམས་ཏེ་ཡུས་ཧྲུའུ་རུ་བཅའ་སྡོད་བྱས་པ་དང་། ཀྲུང་གུང་ཡུས་ཧྲུའུ་ས་གནས་ཨུ་ཡོན་ལྷན་ཁང་བཙུགས་པ་ཁྱབ་བསྒྲགས་བྱས”། འགྲེལ་བཤད་པ་དང་འགྲོགས་ཏེ་གསར་དུ་འགན་བཞེས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ལོ་རྒྱུས་ཀྱི་ལམ་བུ་དང་། ཡུས་ཧྲུའུ་ཁུལ་གྱི་བཅིངས་འགྲོལ་ལོ་རྒྱུས། ཡུས་ཧྲུའུ་གྲོང་ཁྱེར་བཅིངས་འགྲོལ་བྱས་རྗེས་ཀྱི་ལོ་རྒྱུས་དུས་རིམ་མི་འདྲ་བ། ཁྱད་པར་དུ་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་ལོ་བཅུའི་རིང་གི་འགྱུར་ལྡོག་ཆེན་པོ་བཅས་ལ་ཕྱིར་དྲན་ཐེངས་ཤིག་བྱས།
ཡུས་ཧྲུའུ་གྲོང་ཁྱེར་སྐྱ་ཆོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཐུབ་བསྟན་རྡོ་རྗེ་ཡིས་བཤད་རྒྱུར།“སྔོན་ཆད་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ན་བརྙན་དང་ཡང་ན་གཞུང་ལས་ཁང་ནས་ཡིག་ཆ་ཀློག་དགོས་པ་ཡིན། ད་སྐབས་གཞུང་ལས་ཁང་ནས་སྒོར་བུད་དེ་ཏང་གཤིས་སློབ་གསོ་ལྟེ་གནས་སུ་ཚང་མའི་མཉམ་དུ་སློབ་སྦྱོང་བརྗེ་རེས་བྱས་ཚེ། དངོས་ནས་བློ་ངོར་གསལ་ཞིང་ཕན་པ་མི་ཉུང་བ་ཞིག་ཐོབ་ཐུབ” །“ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ནས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཚེ། རང་རེའི་རྒྱལ་ཁབ་ནི་དབུལ་ཞིང་སྟོང་པ་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངོས་ཕུང་ཆེན་པོ་ཨང་གཉིས་པར་གྱུར་པ་དང་། ཀྲུང་གོའི་ཁྱིམ་ཚང་སོ་སོ་ཡང་དབུལ་ཕོངས་ནས་རིམ་བཞིན་འབྱོར་ཕྱུག་ལྡན་པར་གྱུར་ཡོད”། འདྲ་པར་རེ་རེ་ལས་འདས་མ་ད་གསུམ་གྱི་འཚོ་བའི་རྣམ་པ་ཐད་ཀར་དུ་མངོན་ཡོད་ལ། གནས་དེར་ཡོད་པའི་སློབ་སྦྱོང་བྱེད་མཁན་དག་གིས་ཀྱང་ད་ལྟའི་ཐོབ་དཀའ་བའི་འཚོ་བ་འདིར་ཧ་ལས་བཞིན་འདུག
ཐུབ་བསྟན་རྡོ་རྗེ་ཡིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི་”རིང་ལ།“ང་ཚོའི་ཕ་ཡུལ་ལ་མེ་འཁོར་གཏོང་རྒྱུ་རེད། ཉེ་འཁོར་གྱི་འགྱུར་ལྡོག་འདི་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་རིགས་སོ་སོས་ཧུར་ཐག་གིས་འབད་འབུངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་དངོས་བྲིས་ཡིན”ཟེར།
སློབ་སྦྱོང་གི་དུས་ཚོད་ནི་ནམ་ཡང་ཧ་ཅང་མགྱོགས།“མགྲོན་པོ་”འདི་དག་བསྐྱལ་རྗེས་ཏང་གི་ལོ་རྒྱུས་ཁྱམས་རའི་ནང་དུ་ད་དུང་མི་མང་པོས་སློབ་སྦྱོང་བྱེད་བཞིན་ཡོད་ལ། ལ་ལས་སྨྱུ་གུ་བཟུང་ནས་ཟིན་བྲིས་འདེབས་པ་དང་། ལ་ལས་ཁ་པར་བཟུང་ནས་པར་ལེན་བཞིན་ཡོད།
མ་གཞི། ཉེ་ལམ་ཁྲ་མགུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་སྟོབས་ཀྱིས་ཁོམ་ལོངས་ཡོད་མ་ཐག་ཏང་ཡོན་མང་ཚོགས་རྣམས་ཁྲིད་དེ། སྡེ་བས་གསར་དུ་བཙུགས་པའི་ཏང་གི་ལོ་རྒྱུས་ཁྱམས་ར་ནས་སློབ་སྦྱོང་བྱེད་བཞིན་ཡོད། བཀྲ་སྟོབས་ཀྱིས་བཤད་རྒྱུར།“གཞི་རིམ་གྱི་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་མྱུར་དུ་འགུལ་སྐྱོད་བྱ་རྒྱུ་ནི་གནད་འགག་ཡིན་ལ། ང་ཚོས་གཡུལ་ས་དང་སྙིང་སྟོབས་ཀྱིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བར་སྐུལ་སློང་བྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་གྱིས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། དོན་དངོས་སྒྲུབ་པ། རྣམ་པ་གསར་བ་གསར་གཏོད་བྱེད་པར་སྣེ་ཁྲིད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཏང་གི་གནས་ཚུལ་རྟོགས་པ། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། ཏང་གི་ལོ་རྒྱུས་ཀྱིས་སྡེ་བ་ཡོངས་ཀྱི་ཏང་ཡོན་ལ་སྐུལ་སློང་བྱེད་པ། ཞིང་སྡེ་དར་སྤེལ་གཏོང་བར་ནུས་ཤུགས་འདོན་དུ་འཇུག་དགོས་ཟེར།
སྐར་མདའ་སྡེ་བའི་གོ་གནས་དགོངས་ཞུ་བྱས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡུ་ཆེན་ཡང་གནས་འདིར་རྒྱུན་པར་ཡོང་བའི་མགྲོན་པོ་ཡིན་ལ། གོ་གནས་དགོངས་ཞུ་བྱས་རྗེས་གཡུ་ཆེན་གྱིས་མང་ཚོགས་རྩ་འཛུགས་བྱས་ཏེ་སྡེ་མིའི་གླུ་གར་རུ་ཁག་དང་པོ་བཙུགས་པ་དང་། མང་ཚོགས་ཀྱིས་ཉན་སྤྲོ་བ་དང་བལྟ་འདོད་པའི་གདོད་མའི་སྐྱེ་ཁམས་གླུ་གར་གྱིས་ཏང་གི་སྲིད་ཇུས་བཟང་པོ་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ལ་བསྟོད་བསྔགས་བྱས།
གཡུ་ཆེན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་ནི་ཆེས་ཐོག་མའི་མི50ལྷག་ནས་ད་ལྟའི་ཏང་ཡོན་བྱེ་བ་དགུ་ས་ཡ་བརྒྱད་ལྷག་ཡོད་པའི་ཏང་ཆེན་པོ་ཞིག་ཏུ་གྱུར་ཡོད། ཏང་འདི་ནི་ཚང་མས་ཁས་ལེན་བྱེད་པའི་ཏང་ཞིག་དང་དེའི་རྗེས་སུ་འབྲང་རིན་ཡོད་པའི་ཏང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དངོས་ནས་ང་ཚོར་ཤ་ཚ་བ་ཡིན། ཁང་པ་དགོས་ཚེ་ཁང་པ་ལས་པར་མ་ཟད་ད་རུང་ལམ་ལས་པ་དང་གློག་ཀྱང་འཐེན་ཡོད། དེ་བས་ཀྱང་བདེ་སྐྱིད་ལྡན་པ་ནི་ང་ཚོ་རྒྱལ་འབྱོར་དམངས་ཕྱུག་གི་སྐལ་བ་ཡག་པོ་ཞིག་དང་འཕྲད་པས། ད་ལྟའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། མང་ཚོགས་རྩ་འཛུགས་བྱས་ཏེ་བྱ་འགུལ་སྤེལ་ན་མ་དངུལ་ལ་ཁག་ཐེག་ཡོད་ལ། བྱེད་སྒོ་སྤེལ་སའི་སྟེགས་བུ་ཡོད་པ། ཚང་མར་བརྩོན་སེམས་ཡང་ཧ་ཅང་ཆེན་པོ་ཡོད་ཟེར།
ད་ལྟ་ཁྲ་མགུ་སྡེ་བའི་ཏང་གཤིས་སློབ་གསོ་ལྟེ་གནས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྣང་ཚུལ་བཟང་ཞིང་། སྡེ་བ་གཞན་པའི་མི་དང་ཡང་ན་རང་སྡེ་བའི་མི་སུ་ཡིན་རུང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཚང་མ་ཁྱིམ་ཚང་གཅིག་ཡིན་ལ། མཉམ་དུ་བགྲོ་གླེང་དང་མཉམ་དུ་གྲུབ་འབྲས་ཐོབ་བཞིན་ཡོད། ཁྲ་མགུ་སྡེ་བའི་ཏང་གཤིས་སློབ་གསོ་ལྟེ་གནས་ཀྱིས་ཀྱང་སྟེགས་བུ་འདི་སྤྱད་དེ་ཏང་གི་སློབ་གསོ་སློབ་སྦྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས་མི་མང་པོ་ཞིག་འདིའི་ཁྲོད་དུ་ཞུགས་ཐུབ་པ་ཡིན་ཞེས་དེ་ལྟར་བཤད་བྱུང་།
ཡིག་བསྒྱུར་པ་དངོས་སྦྱོང་སློབ་མ་རྣམ་རྒྱལ་འཚོ་ཡིན།