ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ།
བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་གཅིག་རྗེས་གཉིས་མཐུད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ཚོར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། དད་སེམས་ཀྱིས་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་བར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་དངོས་གནས། སེམས་ལ་ཟུག་པ་བཅས་བྱས་ནས་མཚོ་སྔོན་གྱི་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བའི་གནས་བབ་གསར་པ་ཧུར་ཐག་གིས་གསར་གཏོད་བྱེད་པར་ལྕག་སྐུལ་གནང་བ་རེད།
ཟི་ལིང་གྲོང་ཁྱེར་གྱིས་གཏན་འབེབས་ཀྱི་བྱ་བ་ཏན་ཏིག་ངང་བསྒྲུབས་པ་དང་རང་འདེམས་ཀྱི་བྱེད་སྒོ་གསར་གཏོད་བྱས་ཏེ། རིགས6གི་གསར་གཏོད་བྱེད་ཐབས15གཏན་འབེབས་བྱས་ཤིང་། 《མེ་སྟག་དང་དར་ཆ་སྟེ་བཅིངས་འགྲོལ་སྔ་གཞུག་གི་ཏང་གིས་ཟི་ལིང་དུ་སྤེལ་བའི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱི་མིག་ལྟ་བ》ཞེས་པའི་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་གི་ཀློག་དེབ་རྩོམ་སྒྲིག་དང་པར་སྐྲུན་བྱས། གྲོང་ཁྱེར་དང་། རྫོང་། སྲང་ལམ་བཅས་རིམ་པ་གསུམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྒྲོག་སྦྱོང་ཚོགས་པ་བཙུགས་པ་དང་། ཏང་གི་སློབ་ཚན་ཕུལ་བྱུང་དཔྱད་འདེམས་བྱེད་སྒོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲིལ་བསྒྲགས་དང་ལྟ་སྐོར་བྱེད་སྒོ་ཐེངས་བརྒྱ་སྤེལ་བ། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་སྐོང་འཚོགས་བྱས། 《མེ་ཏོག་དང་ན་གཞོན》《 རྨ་ཙོང་འགྲམ་རྒྱུད་དུ་གནས》སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་བརྩམས་པ་དང་།《ཕུལ་བྱུང་མི་སྣ་བརྒྱའི་གནས་ཚུལ་འཚོལ་བསྡུ》ཕྱོགས་བསྒྲིགས་བྱས་ཤིང་། དངོས་མཚོན་པར་གཞི《དཔང་པོ》དང《རྨ་ཙོང་གི་གསར་བརྗེའི་སེམས་པ》སོགས་གཙོར་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཚད་གཞི་མཐོན་པོའི་ངང་སྐུལ་སློང་དང་སྤུས་ཚད་མཐོན་པོའི་ངང་དོན་འཁྱོལ་བྱེད་པར་འགན་ལེན་བྱས་པ་རེད།
མཚོ་ཤར་གྲོང་ཁྱེར་གྱིས་ཧུར་ཐག་གིས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཏེ། ཧོང་ཀོང་སྡེ་བ་དང་། པན་ཡན་སྡེ་བ། ཧྲང་ཧྲུའུ་སྡེ་བ། ཞུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོ་སོགས་གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། “རྨ་ཆུའི་མཉམ་གཞས་ཆེན་མོ”ཞེས་པའི་བརྗོད་བྱ་གཙོ་བོའི་སྤྱི་གླིང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་གསར་པ་བསྐྲུན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལྟ་སྐོར་སློབ་སྦྱོང་གི་སྤུས་དག་ལམ་ཕྱོགས་ཇུས་འགོད་ཞིབ་ཚགས་དང་། དྲ་ཐོག་དྲིལ་བསྒྲགས་ཐབས་ལམ་རྒྱ་སྐྱེད་པ། སྐད་འཕྲིན་དང་། འཁྱུག་དབྱིངས། མགྱོགས་འཕྲིན་སོགས་སྨྱན་བྱད་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ་དྲ་ཐོག་གི་དྲིལ་སྒྲོག་དང་སྒྲོག་སྦྱོང་སློབ་གསོ་སྤེལ་བ་དང་། གཞི་གྲངས་ཅན་དུ་འགྱུར་བ་དང་། དྲ་བ་ཅན་དུ་འགྱུར་བ། དྲ་སྦྲེལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“མཉམ་དུ་སློབ་སྦྱོང་དང་སྐོར་གཡེང་སྐོར་ཞིབ་ལ་ཉན་པའི”ལས་ཀའི་རྐྱེན་སྲོལ་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་བཏང་བ་དང་། “ཏང་འཛུགས་མཉམ་སྦྱོང་”སློབ་སྦྱོང་གི་ཁྱབ་རྒྱ་ཇེ་ཆེར་བཏང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་ལས་གཞི་དང་། ཏང་ཡོན་ཏང་གི་སློབ་གྲྭ་ནས་གཅིག་བསྡུས་ཀྱིས་རེས་སྐོར་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཆེད་དོན་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་ལེགས་པར་གཉེར་བ། ཚྭ་འདམ་གཞོང་གི་སློབ་ཁང་ཆེན་མོ་དང་ཏང་ཡོན་གྱི་དཔེ་ཀློག་ས་ཚིགས་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། མི་རིགས་སྐད་ཡིག་སློབ་སྦྱོང་གི་དཔྱད་གཞི་རྩོམ་སྒྲིག་བྱས་ནས“ལོ་རྒྱུས་བཞིའི”ཤེས་བྱ་དེ་དམངས་གླུ་དང་ཟློས་གར་སོགས་རིག་རྩལ་ལེ་ཚན་ཁྲོད་བཀོད་པ་དང་། “རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་བསྒྲགས་བྱས་ནས་ཏང་ཡོན་ལས་བྱེད་པར་ལོ་རྒྱུས་དང་དོན་དངོས་ཁྲོད་འབད་འཐབ་ཡར་ཐོན་གྱི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཡོངས་ཁྱབ་ཏུ་ཁེབས་པ་དང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་འགན་ལེན་བྱས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ལོ་རྒྱུས་གཙོར་འཛིན་པ་དང་། “ལོ་རྒྱུས་བཞི” གནད་སར་བཟུང་ནས། མང་ཚོགས་རང་བཞིན་ལྡན་པའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ། སློབ་སྦྱོང་དང་སློབ་གསོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་གསོའི་སྟེགས་བུ་གསར་སྐྲུན་བྱེད་པ། རོང་འབྲོག་ཁུལ་གྱི་གློག་བརྙན་རུ་ཁག་བེད་སྤྱོད་གང་ལེགས་བྱས་ཏེ། གཞི་རིམ་ནས《ཏང་འཛུགས་སྐྱོང་གི་བྱ་གཞག་རླབས་པོ་ཆེ》དང་《རྒྱལ་འཛུགས་ཀྱི་བྱ་གཞག་ཆེན་པོ་》སོགས་གསར་བརྗེའི་དོན་སྙིང་ལྡན་པའི་གློག་བརྙན་ཕུལ་བྱུང་མང་པོ་སྟོན་པ། ཧུར་ཐག་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་གཞི་རིམ་གྱི་རྨང་གཞིའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། དཔེ་བཟང་གི་འཐུས་མི་དང་ཏང་ཡོན་རྒན་པ་རྣམས་རིགས་པའི་གཞུང་ལུགས་ཀྱི་སློབ་ཁང་ཆེན་མོར་བསྐྱོད་རྒྱུར་སྐུལ་སློང་བྱས་པ་དང་། རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཏང་གི་གཏམ་རྒྱུད་གླེང་བ་དང་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་པ། ཚན་རིག་ལྟར་དང་བླངས་ཞབས་ཞུའི་ལས་གཞིར་ཇུས་འགོད་བྱེད་པ། དུས་རབས་གསར་པའི་དང་བླངས་ཞབས་ཞུའི་དཔུང་ཁག་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བར་རྩ་འཛུགས་བྱས་ནས་གཞི་རིམ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མཇུག་མཐའི་འགག་གནད་སྒྲོལ་ཐུབ་པ་བྱས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོན་ཆད་ཀྱི“221”རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་ལས་གཞིར་སྐུལ་འདེད་བཏང་སྟེ། ཉིང་རྡུལ་མཁར་དྲན་གསོ་ཁང་གི་འགྲེམས་སྟོན་རིམ་སྤར་བསྒྱུར་བཀོད་དང་རྗེས་དྲན་ཚོམས་ཁང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ་དང་། ཚང་མར“འབར་མདེལ་གཉིས་”ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་པའི་གཏམ་རྒྱུད་གླེང་བའི་བྱེད་སྒོ་སྤེལ་བའི་འཆར་གཞི་འགོད་པ། 《བསྐྱར་དར་གྱི་སྟོབས་ཤུགས་》ཞེས་པའི་གཏམ་བཤད་ཀྱི་སྙན་ཞུ་དང་། གསར་བརྗེའི་བརྗོད་བྱ་གཙོ་བོའི་གཏམ་བརྗོད་ཟློས་གར་ཆུང་གྲས《སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད》ཅེས་པ་རྩོམ་སྒྲིག་བྱས་ནས་གསར་བརྗེའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དག་ཉིན་བརྒྱའི་ནང་སྟོན་རྒྱུ་དང་།“ཏང་གི་དར་ཆའི་བསྟོད་པ”དང“ཏང་ཡོན་གྱི་ཉམས་འགྱུར”ཞེས་པའི་བརྙན་ཐུང་བཟོ་བ།“ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བརྩེ་བར་བསྔགས་བརྗོད་བྱེད་པ”སོགས་བརྗོད་བྱ་གཙོ་བོའི་མུ་འབྲེལ་དྲིལ་བསྒྲགས་གནས་ཚུལ་སྤེལ་བ་དང《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་བྱེད་པ་སྟེ་མཚོ་བྱང་གི་ཡིག་གཟུགས་དང་མཛེས་རྩལ་པར་ལེན་བརྩམས་ཆོས་ཕྱོགས་བསྒྲིགས》རྩོམ་སྒྲིག་བྱས་ནས་གསར་བརྗེའི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་སྙིང་སྟོབས་རྒྱུན་འཛིན་བྱས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་དེ་ལུའེ་ཧྥུན་གྱི་སྙིང་སྟོབས་དང་“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་དང་ཟུང་འབྲེལ་བྱས། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ལུའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས“དཔེ་ཀློག་གསུམ་བརྒྱད”ཀྱི་བུད་མེད་ལས་བཟོ་བས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་སྦྱོང་མཉམ་སྤྱོད་ཚོགས་འདུ་འཚོགས་པ་དང་། ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་གྱིས་བུད་མེད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་ཤེས་བྱ་སློབ་སྦྱོང་བྱས་པ་མ་ཟད། སྡེ་བ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལ་ཆེད་དོན་གསོ་སྦྱོང་བྱས་པ་དང་།“དཔལ་ཡོན་ཁྱིམ་ཚང”དང“ཡ་རབས་ཁྱིམ་ཚང”།“སྒྱུག་མོ་བཟང་པོ། མནའ་མ་བཟང་པོ”བཅས་ལ་གཟེངས་བསྟོད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱས་ནས་སློབ་སྦྱོང་དང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆབ་སྲིད་སྨྲ་བ་དེ་བསྲུང་བྱ་གཙོ་བོར་འཛིན་པ་དང་། དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ལས་འགན་དང་པོར་བརྩི་བ་རྒྱུན་འཁྱོངས་བྱས། ནང་ཆེན་རྫོང་གིས་ཁྱིམ་འཐུས་སྡེ་བའི་ཏང་ཀྲི་པུའུ་དེ་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཀྲི་པུའུ་ཡི་གསར་བརྗེའི་ལོ་རྒྱུས་ཐོག་མར་བརྩིས་ནས་སྔོག་འདོན་དང་དྲིལ་བསྒྲགས་གང་ལེགས་བྱས་ཏེ། གསར་བརྗེའི་གཡུལ་སར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་འདོན་སྤེལ་བྱེད་པ་དང་། རྫོང་ཐད་གཏོགས་སྡེ་ཁག་གི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ལྟ་སྐོར་དང་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སེམས་སུ་ཟུག་པར་འགན་ལེན་བྱས། ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གྲོང་ཁྱེར་དང་རྫོང་ཁག་གི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི100གདན་ཞུ་བྱས་ནས་སྐོར་ཐེངས་དང་པོའི་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཡུས་ཧྲུའུ་ཡི“གཞི་རིམ་འོས་འགན་སྒྲོག་འགྲེལ་པ”བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པར་གསོ་སྦྱོང་དང་བཀོད་སྒྲིག་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཞི་རིམ་དུ་ཟབ་ཞུགས་དང་། མང་ཚོགས་ཁྲོད་ཟབ་ཞུགས། འཐབ་ཕྱོགས་དང་པོར་ཟབ་ཞུགས་བཅས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“དོ་སྣང་བཞི་དང་ཤུགས་སྣོན་བཞིའི”ཐོག་ནས་ལག་ལེན་བྱེད་ཐབས་གསར་གཏོད་དང་མགོ་ལོག་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། སློབ་སྦྱོང་སློབ་གསོའི་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཇི་མ་ཇི་བཞིན་མགོ་ལོག་ཏུ་དོན་འཁྱོལ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་འགན་ལེན་བྱས། པད་མ་རྫོང་གིས་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་སློབ་སྦྱོང་རྩ་འཛུགས་བྱས་པ་དང་། 《པད་མ་རྫོང་དུ་དམར་དམག་རྒྱང་སྐྱོད་བྱེད་པ》དང《དམར་དམག་རྒྱང་སྐྱོད་མཚོ་སྔོན་པད་མ་བརྒྱུད་པའི་གཏམ་རྒྱུད》སོགས་གསར་བརྗེའི་དཔེ་དེབ་དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་དཔྱིས་ཕྱིན་པ་བྱས། གཅིག་སྒྲིལ་རྫོང་གིས་གཏན་འབེབས་ལེགས་པོ་བྱས་པའི་རྨང་གཞིའི་ཐོག་རང་འདེམས་བྱ་སྤྱོད་གསར་གཏོད་བྱས་ནས“ཏང་གི་ལོ་རྒྱུས་ཤེས་བྱའི་དྲིལ་བསྒྲགས་འགྲེམ་བྱང”དང“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་ཤེས་རྟོགས། དོན་དངོས་སྒྲུབ་པ། རྣམ་པ་གསར་གཏོད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་གཅིག་སྒྲིལ་དུ་སྤེལ”སོགས་ཀྱི་ཆེད་དོན་འགྲེམ་བྱང་བཙུགས་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་ཡོངས་ལ་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སློབ་གསོའི་ཁྲིད་སྟོན་བྱས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།