མཁར་དམར་གྲོང་རྡལ་མང་བཟའ་སྡེ་བའི་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་སྟེང་དམ་བཅའ་འཇོག་བཞིན་པ།
“མེ་ལོང་གིས་རང་གཟུགས་མངོན། ། གནའ་ལུགས་ཀྱིས་དེང་ཚུལ་རྟོགས། ། ”དཔྱིད་ཟླ་གསུམ་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་འཚོགས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་མི་བརྗེདཔར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེ་འབད་བརྩོན་གྱི་དམིགས་ཡུལ་དུ་བརྩིས་ཏེ། གསར་བརྗེའི་སྲོལ་རྒྱུན་ཤུགས་ཆེའི་ངང་དར་སྤེལ་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། དཔའ་མཛངས་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་སྙེག་པ་དང་། དུས་རབས་གསར་པའི་གཟི་ཉམས་ལྡན་པའི་ལས་ལ་ཞུགས།
ཞོགས་པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་མང་བཟའ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དོན་འགྲུབ་བྲེལ་འཚུབ་ངང་ཁྱིམ་ནས་ཕྱིར་བུད་དེ་ཐད་ཀར་ཏང་ཡོན་བསོད་ནམས་རྡོ་རྗེ་ཚང་དུ་སོང་། ཚེས17ཉིན་སྡེ་བའི་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། ཚོགས་འདུའི་སྟེང་ཏང་ཡོན་ཚོས་སྡེ་བའི་སྲང་ལམ་ཐོག་གི་དར་བྲད་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་གྲོས་ཐག་བཅད།
མང་བཟའ་སྡེ་བ་ནི་མཁར་དམར་གྲོང་རྡལ་སྲིད་གཞུང་དང་བར་ཐག་སྤྱི་ལེ་བརྒྱད་ཅུ་ལྷག་ཡོད་པ་དང་། མདོ་ལ་རྫོང་དང་ཀན་སུའུ་ཞིང་ཆེན་མིན་ལེ་རྫོང་གི་འབྲེལ་མཚམས་སུ་གནས་ལ། ཁྱིམ་ཚང་བརྒྱ་དང་གྱ་ལྔ་ཡོད་པའི་ཕྱུགས་ལས་རྐྱང་པ་གཉེར་བའི་སྡེ་བ་ཞིག་རེད། སྡེ་བར་སྐྱོད་སའི་ལམ་ཕལ་ཆེ་བ་ནི་རྡོ་ཟེགས་ཀྱི་ལམ་ཡིན་པར་མ་ཟད། ལམ་འགྲམ་དུ་ཆུ་མིག་མང་པོ་ཡོད། དགུན་ཁ་སླེབས་མ་ཐག་ཆུ་མིག་གི་གཞུང་ལམ་དུ་བཞུར་ཏེ་དར་ཆགས་ནས་སྡེ་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་དཀའ་བར་བཟོས། དགུན་ཁ་སླེབས་ཐེངས་རེར། ཏང་ཡོན་ཚོས་ནམ་རྒྱུན་རྡོག་རྩ་གཅིག་སྒྲིལ་གྱིས་དར་བྲད་དེ་ཚང་མའི་འགྲོ་འོང་གི་བདེ་འཇགས་ལ་འགན་ལེན་བྱེད་ཀྱིན་ཡོད། ཚེས་ཉེར་བདུན་ཉིན་མང་བཟའ་སྡེ་བས་མཁར་དམར་གྲོང་རྡལ་གྱི་སྲིད་གཞུང་གི་གྲོས་ཚོགས་ཁང་གཡར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། ཚོགས་ཆེན་དུ་བསྡོམས་པས་ཏང་ཡོན་བཅུ་བདུན་ཞུགས་ཡོད། བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར། "ཚོགས་འདུའི་སྟེང་ང་ཚོས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་ལ་རྒྱུས་ལོན་བྱས་པ་དང་།《ཏང་གི་སྒྲིག་ཡིག》ལ་སློབ་སྦྱོང་བྱས་པ་ཡིན་ཟེར། གཞུང་ལུགས་སློབ་སྦྱོང་མཇུག་སྒྲིལ་རྗེས། ཚོགས་ཆེན་གྱི་སྟེང་ད་དུང་ལོ་ང་བཞི་ཡིན་པའི་ཁྲང་ཧྲིག་དུས་ཚིགས་འདིའི་ཕུལ་བྱུང་ཏང་ཡོན་དུ་བདམས།
ཁོས་དེ་སྔོན་ལོ་བཅོ་བརྒྱད་ཀྱི་རིང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་མྱོང་བ་དང་། ལོ་གཉིས་ཀྱི་རིང་ལ་ཀྲི་པུའུ་ཧྲུའུ་ཅིའི་འགན་ཡང་འཁུར་མྱོང་། ལས་འཁྱུར་བྱས་རྗེས་མུ་མཐུད་དུ་ནུས་ཤུགས་གང་ཡོད་འདོན་སྤེལ་བྱས་ཏེ། སྡེ་བའི་འགལ་བ་འདུམ་འགྲིག་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར། ཏང་གི་སྲིད་ཇུས་བརྒྱུད་བསྒྲགས་བྱས་པ་སོགས་སྡེ་བར་ཕན་པའི་བྱ་བ་མང་པོ་བསྒྲུབས།
"གུང་ཁྲན་ཏང་གི་འགོ་ཁྲིད་འོག སྡེ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སྟེ། བགྲོད་ལམ་སྲ་འགྱུར་དུ་བཏང་བ་དང་ཐོན་ལས་འཕེལ་རྒྱས་བྱུང་བ། སྡོད་ཁང་བདེ་འཇགས་བརྟན་པོ་ཡིན་པ། སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་བྱུང་བ། སྡེ་མིའི་ཡོང་འབབ་འཕར་ནས་ཕྱུག་པོར་གྱུར་བ་བཅས་ཚང་མའི་འཚོ་བ་ཉིན་རེ་ནས་ཉིན་རེར་བདེ་སྐྱིད་དུ་གྱུར་ཡོད”ཟེར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་སྟེང་། ཁྲང་ཧྲིག་གིས་རང་ངོས་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ། ཏང་གིས་ཚང་མའི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བརྒྱུད་རིམ་གསོན་ཉམས་ལྡན་པའི་ངང་བཤད།
"གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་པ་དང་། རྒྱལ་ཁབ་ཀྱི་ཇུས་ཆེན་གྱི་སླད་དུ་ད་ནི་ང་ཚོས་བྱས་རྗེས་འཇོག་པའི་དུས་སུ་སླེབས་ཡོད།” ཁྲང་ཧྲིག་གིས་བཤད་པའི“བྱས་རྗེས”ནི། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་ས་ཁུལ་དུ་སྡོད་པའི་སྡེ་མི་ཡིན་ལ། སྡེ་བའི་ནང་གི་འབྲོག་པ་ཁྱིམ་ཚང་བཅུ་གཅིག་གནས་སྤོར་བྱེད་པར་མོས་མཐུན་བྱུང་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དེ་བུ་རབས་ཚ་རྒྱུད་དང་འབྲེལ་བ་ཡོད་པས། ཁྲང་ཧྲིག་གིས་ཚང་མས་གནས་སྤོ་བར་རམ་འདེགས་ལེགས་པོ་བྱས་ཏེ་སྔ་མོ་ནས་གནས་སྤོར་ལེགས་གྲུབ་ཡོང་བར་རེ་བ་བཅངས་ཡོད།
མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ཞབས་ཞུ་ལྟེ་གནས་སུ་ཏང་ཡོན་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་ཆེན་འཚོགས་ཚར་རྗེས་ཁ་མ་བྲལ་བར་བསྡད་ཡོད་ལ། ཁོ་ཚོ་གནས་གཅིག་ཏུ་འདུས་ནས་འགྲུབ་ལ་ཉེ་བའི་སྡེ་བའི་ལོ་རྒྱུས་ཁང་ལ་གཙང་སྦྲ་བྱེད་རྩིས་ཡོད། "སུ་ཞིག་གི་ཁྱིམ་དུ་པར་རྙིང་པ་དང་དངོས་རྫས་རྙིང་པ་ཡོད་ཚེ་སྔོན་ལ་སྡེ་བའི་ལོ་རྒྱུས་ཁང་དུ་བཅོལ་ན་ཨེ་ཆོག"ཅེས་མཁར་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རུའུ་ཡུས་ཀྱིས་ཏང་ཡོན་ཚོར་དྲིས།
སྔོན་ཆད་ཀྱི་དངོས་རྫས་རྙིང་བ་ཞེས་གླེང་སྐབས་ཚང་མར་སྤྲོ་བ་བསླངས།
སྔོན་ཆད་བེད་སྤྱོད་བྱས་མྱོང་བའི་འཚོ་བའི་ཡོ་བྱད་དང་ཞིང་ལས་ཡོ་བྱད་རྙིང་བས་དུས་རབས་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ལ་བདེན་དཔང་བྱས་ཡོད་དེ། སྔོན་ཆད་ཕྱེ་ཐུག་དང་གོ་རེ་རྐྱང་རྐྱང་ཟ་དགོས་པ་དང་། ལྷན་པ་བརྒྱབ་པའི་ལྭ་རུལ་མུ་མཐུད་དུ་གྱོན་དགོས་ལ། ཕྱི་རུ་འགྲོ་ན་རྐང་ཐང་ཁོ་ནར་བརྟེན་དགོས། སྡེ་བའི་ལོ་རྒྱུས་ཁང་གིས་ཁྱིམ་ཚང་དང་སྡེ་བ། ས་གནས་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁ་གསལ་ཞིང་གཏིང་ཟབ་པའི་སྒོ་ནས་ཚང་མའི་མིག་མདུན་དུ་བཤམས་པ་དང་། གནའ་དེང་གཉིས་ཀར་རྗེས་སྙེག་བྱས་པས་ཚང་མར་ཏང་གི་ལོ་རྒྱུས་ལ་མྱོང་ཚོར་སྔར་ལས་ཀྱང་གཏིང་ཟབ་པོའི་སྒོ་ནས་ཤེས་སུ་བཅུག
མཁར་དམར་སྡེ་བའི་ལོ་རྒྱུས་ཁང་དེ་སྡེ་བའི་སྤྲོ་གསེང་ཐང་ཆེན་འགྲམ་དུ་ཡོད་དེ། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ནས་བརྒྱད་ཅུའི་བར་བསྐྲུན་པའི་སོ་ཕག་སྔོན་པོའི་ཁང་བ་དེ་ཡིན་ལ། མཁར་དམར་གྲོང་རྡལ་གྱིས་ཁང་པ་དེ་བསྐྱར་དུ་ཇུས་འགོད་བྱས་རྗེས། མཁར་དམར་སྡེ་བའི་ལོ་རྒྱུས་ཁང་གི་སྒོ་བྱང་བཀལ་བ་རེད། མཁར་དམར་སྡེ་བའི་ཏང་ཡོན་ཁྲིན་ཏེ་ཀྲིན་གྱིས་སྡེ་བའི་ལོ་རྒྱུས་ཁང་གི་ཅོག་ཙེ་དང་རྐུབ་སྟེགས་བསྒྲིགས་པ་དང་། སྡེ་བ་ནས་ཚུར་བསྡུས་པའི་མར་ལེན་སའི་ཧ་ཡང་གི་གཞོང་པ་ཅོག་ཙེའི་ཐོག་ཏུ་བཞག
སྡེ་བའི་ལོ་རྒྱུས་ཁང་ལ་གཙང་སྦྲ་བྱས་ཚར་རྗེས། དེ་ལ་བལྟས་པ་ཙམ་གྱིས་ལོ་ངོ་ལྔ་བཅུའི་སྔོན་དུ་ཕྱིར་ལོག་པ་དང་འདྲ་ལ། ལོ་རྒྱུས་ཁང་ལ་སློབ་གསོའི་དོན་སྙིང་སྔར་ལས་ལྡན་ཆེད། རུའུ་ཡུས་ཀྱིས་སླར་ཡང་ཏང་ཡོན་ཚོའི་ལག་ནས་ནུབ་ལམ་དམག་དཔུང་གིས་བསྐྱུར་བའི་འཚོ་བའི་མཁོ་ཆས་འགའ་བསྡུ་རུབ་བྱས།
"སྔོན་ཅུན་ཤོག་དགུ་པའི་འཕྲོད་བསྟེན་པ་ལིག་སི་ཀོས་ནི་ང་ཚོའི་ཉེ་འགྲམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གཞི་ཡག་ཤོས་ཞིག་རེད།" གསར་བརྗེའི་རིག་གནས་སྐོར་གླེང་སྐབས་ཏང་ཡོན་ཐང་ཧའེ་མིན་གྱིས་བགྲེས་པོ་ལིག་ལགས་མདོ་ལ་རི་བོ་ནས་ལོ་བཅུ་གཉིས་རིང་ལ་བསྡད་པ་དང་། དགྲ་བོས་མི་རྙེད་པའི་ཆེད་དུ་ལོ་བཅུ་གཉིས་རིང་ལྐུགས་པ་ཡིན་ཁུལ་བྱས་མྱོང་། བགྲེས་པོ་ཁོ་རང་རྗེས་སུ་རུ་ཆེན་གྱི་ཧྲུའུ་ཅི་བྱས་མྱོང་པ་དང་། དུས་ཡུན་རིང་པོར་མང་ཚོགས་ལ་ཞབས་འདེགས་ཞུས།
"བགྲེས་པོའི་རྩྭ་ས་ད་དུང་ཡོད་དམ།" ཏང་ཡོན་ཚོས་ཕན་ཚུན་བར་གླེང་མོལ་བྱས་ཤིང་། རིམ་བཞིན་བགྲེས་པོ་ལིག་སི་ཀོས་ཀྱིས་རྩྭ་ཐང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་རྣམ་པ་ལབ་གླེང་བྱས། "གསར་བརྗེའི་གཞི་རྒྱུ་ནི་གུང་ཁྲན་ཏང་མིའི་བསམ་བློའི་ནང་སྙིང་དང་། ང་ཚོ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་རེད། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། ལྷག་པར་དུ་བྱ་བ་ཡག་པོ་བསྒྲུབ་དགོས་ན། གོ་རིམ་རྗེས་མར་ང་ཚོའི་སྡེ་བའི་ནང་གི་ཏང་ཡོན་གྱིས་སྐར་གསོག་གཅེས་སེམས་སྒོ་རྩིས་ཚོང་ཁང་དང་མཉམ་འབྲེལ་བྱས་ནས། ཏང་ཡོན་གདོང་ལེན་པའི་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས”ཞེས་མཁར་དམར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མཱ་ཙོ་ཡིས་སྤྱི་བསྡོམས་ཀྱི་ཚུལ་དུ་དེ་ལྟར་བཤད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བློ་བཟང་ཆོས་འཕེལ།