མདའ་བཞིས་དམངས་ལ་བྱ་བ་དངོས་བསྒྲུབས་ནས་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་།
2021.04.14 ཁུངས། ཀློག་གྲངས། 12

“སྡེ་མི་ཝང་ཧུའུ་རོང་གི་བུ་པེ་ཅིང་ཐེན་ཐན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་རྒྱུར་འབྲེལ་གཏུག་བྱེད་རོགས་བྱས་པ་དང་། རྫོང་གློག་ཤུགས་ཅུས་ཀྱི་ལས་དོན་མི་སྣ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་སྐུད་ལམ་ལ་ཞིབ་བཤེར་ཞིག་གསོ་དང་གློག་སྤྱོད་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པར་གདན་ཞུ་བྱས་པ། མང་ཚོགས་ལ་འབྲེལ་བ་དང་མཐུན་སྦྱོར་བྱས་ནས་ས་བོན་དང་སྐྱེ་ལྡན་ལུད་ཉོ་བ། དམངས་དོན་རྩོད་གཞི2འདུམ་འགྲིག་བྱས་པ། སྡེ་མི་དབྱང་ཧྥ་ཞིན་ལ་ཁྲག་ཤེད་མཐོ་བ་དང་གློ་བའི་སྙིང་ནད་ཕོག་ཡོད་པས་ལས་ཀ་བྱེད་མི་ཐུབ་པར་ཆེད་མངགས་བཅར་འདྲི་དང་བརྟག་དཔྱད་བྱས་ནས་མ་མཐའི་འཚོ་བའི་འགན་ལེན་ནང་རེ་ཞུ་བྱེད་ཀྱིན་པ། ཞང་གི་སྡེ་ལས་ཞབས་ཞུ་རུ་ཁག་དང་མཐུན་སྦྱོར་བྱས་ནས་སྡེ་བའི་གད་སྙིགས་རྙིང་བ་སྐོང་སྦེད་བྱས་ནས་སྡེ་བའི་མཉམ་སྡེབ་ཐོན་ལས་གླིང་ཁུལ་གྱི་ར་བ་ཁོད་སྙོམས་བྱས་པ་སོགས” མིག་སྔར་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བའི་དུས་སུ་སླེབས་ཡོད། མདའ་བཞི་རྫོང་གསེར་ཐང་ཞང་སྟོང་མདའ་སྡེ་བ་དེ་སྔའི་སྒྲོག་འགྲེལ་བྱེད་སྟངས་ལས་བརྒལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་སྒྲོག་འགྲེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཉམས་མྱོང་ཕྱོགས་སྡོམ་དང་དོན་དངོས་ལ་གཞིགས་ནས་མང་ཚོགས་ལ་ལྷག་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པ་རེད།

འབྲེལ་ཡོད་བརྙན་ཐུང་།

སྟོང་མདའ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིག་ཧྲིན་ཡའོ་ཡིས་བེད་སྤྱོད་བྱས་ཆོག་པའི་དུས་ཚོད་ཡོད་ཚད་དམ་འཛིན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དཔྱད་གཞི་འཁྱེར་ཏེ་གཙོ་གནད་ལ་རྟགས་རྒྱག་པ་དང་མྱོང་ཚོར་ཟིན་བྲིས་སུ་བཏབ་ནས། སློབ་སྦྱོང་ལ་བློ་སྐྱེད་དང་སློབ་སྦྱོང་ལ་མྱོང་སྣང་། སློབ་སྦྱོང་ལ་ཕན་འབྲས་ཐོབ་པར་བརྩོན་ལེན་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། ང་ཚོས་ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་འབྲེལ་ཏེ“སྡོད་ཁང”དང“རྒན་གསོ” “ཞིང་གསུམ”སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གླེང་གཞི་དང་སྲིད་ཇུས་རྣམས་སྒྲོག་བཤད་གནད་བསྡུས་ནང་བཅུག་ཡོད། “ཡིག་ཆའི་གཏམ”དེ“མི་སེར་གྱི་སྐད་ཆར”བསྒྱུར་བ་དང་། “ཅི་བཤད་ལ་ཉན་དགོས་པ”དེ“གང་མཁོ་དེ་བཤད་པར”བསྒྱུར་བ། ཕྱི་ཚུལ་ཙམ་མིན་པར་བརྩེ་སེམས་བཅངས་ཤིང་འགན་འཁྲི་འཁུར་བ། སེམས་ནུས་ཡོད་རྒུ་འདོན་པ། བསམ་པ་རྣམ་དག་གིས་མང་ཚོགས་ལ་དཀའ་ངལ་དངོས་སེལ་རོགས་བྱེད་པ་བཅས་བྱས་ཏེ། ཡུལ་མི་རྣམས་ལ་ཏང་གི་བཀའ་དྲིན་ཚོར་དུ་འཇུག་པ་དང་། ཏང་གི་བཀའ་ལ་ཉན་དུ་འཇུག་པ། ཏང་གི་རྗེས་སུ་འབྲང་དུ་འཇུག་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར། 

ཉེ་ཆར། གསར་འགོད་པ་སྟོང་མདའ་སྡེ་བའི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མི་དང་མཉམ་དུ་སྡེ་མི་ཝང་ཀུའེ་རོང་གི་ཁྱིམ་དུ་འབྱོར། 

“ཡ། ཆུང་མ་ཕྱིར་ཐོན་རྗེས་སེམས་པ་སྔར་ལས་ཇེ་སྐྱིད་ཡིན་ནམ།”

“ཆུང་མ་ཕྱིར་ཐོན་རྗེས་ཁྱིམ་ལ་ཁྱིམ་གྱི་རྣམ་པ་ངོ་མ་ཞིག་ཆགས་སོང”

ལོ51ལ་སླེབས་པའི་ཝང་ཀུའེ་རོང་གི་ཁྱིམ་དུ་བཟའ་མི5ཡོད་པ་དང་སྡེ་བའི་མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་སྐྱོང་ཁྱིམ་ཚང་རེད། ལོ་ངོ་བཅུ་ལྷག་གི་ཡར་སྔོན། ཝང་ཀུའེ་རོང་གིས་ཆུང་མ་བླངས་ནས་ཅང་མ་འགོར་བར། རྒན་རྒོན་གཉིས་དང་ཆུང་མ། བསམ་མི་ཤེས་པའི་བུ་ཕྲུག་བཅས་བསྐྱུར་ནས་ཕྱི་རུ་འཁྱམས་པ་རེད། སོང་ཙམ་གྱིས་ལོ་བཅུ་ལྷག་འགོར་སོང་། བཟའ་ཟླ་ཡང་ཕྱིར་ཕ་མའི་ཁྱིམ་དུ་ལོག་པ་དང་། དེ་ནས་བཟུང་ཕྱིར་མ་ལོག་པས། རྒན་རྒོན་གཉིས་ཀྱིས་ཚ་བོ་ཆུང་ཆུང་བསྐྱངས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བ་རེད། 

2019ལོར། ཝང་ཀུའེ་རོང་ཕྱི་རོལ་དུ་འཁྱམས་ནས་མ་བསྡད་པར་ཕྱིར་ཕ་ཡུལ་དུ་ལོག་མོད། འོན་ཀྱང་མ་དངུལ་མེད་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་མེད་པས་སྔར་བཞིན་དཀའ་ངལ་མང་པོས་མནར།

སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཝང་ཀུའེ་རོང་བཙལ་ནས་ཐབས་བརྒྱ་ཇུས་སྟོང་གིས་འཚོ་ཐབས་བློ་འདོན་བྱས། ཐོག་མར་ཝང་ཀུའེ་རོང་ཧྲུའུ་ཅི་ཉིག་གི་ཆེད་ལས་གསོ་ཚགས་མཉམ་ལས་ཁང་དུ་ཡོང་ནས་ལས་ཀ་ལས་རྒྱུ་དང་། ཁྱིམ་གྱི་ས་ཞིང་མུའུ24སྡེ་བའི་འདེབས་འཛུགས་མཉམ་ལས་ཁང་དུ་སྤྲད་ན་ལོ་མཇུག་ཏུ་ཐོབ་ཆ་བགོས་པར་མ་ཟད། མ་མཐའི་འཚོ་བའི་འགན་ལེན་དངུལ་དང་རྒན་རྒོན་གཉིས་ཀྱི་ལོ་ན་མཐོ་བའི་ཁ་གསབ་བསྣན་ཚེ་ཁོའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར45000ལྷག་ཙམ་ཟིན་ནས་དཔལ་འབྱོར་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་རེད། 

“ཆུང་མ་ཕྱིར་ཐོན་རྗེས་བྱིས་པར་ཨ་མ་ཡོད་པས་རྒན་རྒོན་གཉིས་ཀྱི་སེམས་གཞི་ནས་ལྷོད་ལ་བབས་འདུག ཁྱོད་ལ་བལྟས་ན་ཡང་སྙིང་སྟོབས་ཡོད་པས་ད་ལྟ་ཐོན་སྐྱེད་འཕེལ་རྒྱས་ཡག་པོ་གཏོང་དགོས། “530”དངུལ་བུན་གཡར་བར་ང་ཚོས་ཁྱེད་ལ་རེ་ཞུ་བྱེད་ཀྱི་ཡོད། ཆུང་མའི་དབང་སྐྱོན་འཛིན་ཡིག་ང་ཚོས་ཁྱོད་ལ་ལེན་རོགས་བྱེད། ཁྱེད་ཀྱིས་བློ་གཅིག་གིས་གསོ་ཚགས་བྱོས”ཞེས་སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མིས་ཝང་ཀུའེ་རོང་གི་ཁྱིམ་ལ་ཐབས་ཇུས་བཏོན་པ་རེད།  

སྒྲོག་འགྲེལ་ཁོངས་མི་ཞིང་བའི་ཁྱིམ་ཚང་དང་ཕྱུགས་ཀྱི་ལྷས་རར་བསྐྱོད་དེ་ཚང་མར་སྲིད་ཇུས་བསྒྲགས་ནས་ངར་ཤུགས་འཕེལ་བར་བྱས་པ་རེད། སྡེ་མི་ཝང་ཏི་ཧྲན་གྱིས་དགའ་སྤྲོའི་ངང་བཤད་དོན། “ཏང་གི་སྲིད་ཇུས་དངོས་གནས་ཇེ་ཡག་རེད། ལྷག་པར་དུ་ཡིག་ཆ་ཨང་དང་པོའི་ནང་བཏོན་པའི་ཞིང་ཕན་སྲིད་ཇུས་མིག་མཐོང་ལག་ཟིན་ཐུབ་ནས་ཞིང་སྡེ་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བཏོད་ཡོད། ང་ཚོས་དྲིན་ཚོར་གྱི་སེམས་པ་བཅངས་ནས་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་རྟག་ཏུ་བྱིས་པ་ཚོར་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས་དགོས་པའི་སློབ་གསོ་བཏང་བ་ཡིན་ལ། གལ་ཏེ་ཏང་གི་ཐུགས་ཁུར་མེད་ན་ང་ཚོར་དེ་རིང་གི་འཚོ་བ་ཡག་པོ་འདི་འདྲ་ཡོད་མི་སྲིད”ཟེར།

མདའ་བཞི་རྫོང་ཞིང་ཕྱུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ལུང་ཉན་གྱིས་བཤད་རྒྱུར། རྫོང་ཡོངས་ཀྱི་དྲིལ་བསྒྲགས་ལས་དོན་ཚན་ཆུང་ཁག་གིས་གནད་འཕིགས་ཀྱི་སྒོ་ནས་སྲིད་ཇུས་ཀྱི་ནང་དོན་གསལ་བོར་རྟོགས་པའི་རྨང་གཞིའི་ཐོག “གསལ་བཤད་དང་གནད་འཁེལ་བརྒྱད”ལ་དམིགས་ཏེ། མང་ཚོགས་ལ་སྲིད་ཇུས་ཐད་ནས“སྐོམ་སེལ”དང་བསམ་བློའི་ཐད་ནས“དོགས་སེལ”ཁག་ཐེག་བྱས། ཞིང་པའི་ཁྱིམ་དུ་ཟབ་ཞུགས་ཀྱིས་གནས་ཚུལ་ངོ་མ་རྒྱུས་ལོན་བྱས་ཏེ། དབུལ་པོ་བསྐྱར་ལོག་བྱེད་སླ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་ནས་འདེབས་འཛུགས་དང་གསོ་ཚགས་ཐད་མང་ཚོགས་ལ་དཀའ་ངལ་དང་གནད་དོན་ཡོད་མེད་ཁོང་དུ་ཆུད་པ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་དཔྱིད་རྨོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། སྡེ་བའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ་དང་། འབབ་འཕར་རྣམ་གྲངས་ཁག་ཅིག་རེ་ཞུ་བྱ་རྒྱུ་བརྩོན་ལེན་ཧུར་ཐག་བཅས་བྱས་ནས་སྒྲོག་འགྲེལ་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་རེད། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་སྒྲོག་བཤད་ནང་དོན་ཁོང་དུ་འཕྱུགས་པ་མེད་པར་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ། ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པའི་དགོས་མཁོ་དངོས་ཀྱི་ཁྲོད་དོན་འཁྱོལ་བྱ་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། མདའ་བཞི་རྫོང་གིས“སྲིད་ཇུས་ཡག་པོ་སྒྲོག་པ་དང་ཞབས་ཞུ་ཡག་པོ་བྱེད་པ། དོན་དངོས་ཡག་པོ་སྒྲུབ་པ”བཅས་ཀྱི་བླང་བྱ་ལྟར། ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དེ་ཞིང་སྡེ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་སར་བརྩིས་ཏེ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་དང་རྫོང་ཨུས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། རྣམ་གྲངས་ལ་ཞབས་འདེགས་ཞུ་བ། ཁེ་ལས་ལ་ཞབས་འདེགས་ཞུ་བ་སྟེ“ཞབས་འདེགས་བཞིའི”བྱེད་སྒོའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དཀའ་གནད་དང་གནད་འགག་འཚོལ་དགོས་པ་དང་གནས་ཚུལ་གསལ་རྟོགས། གནད་དོན་ལ་དབྱེ་ཞིབ་གཏིང་ཟབ། གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། དེ་དང་ཆབས་ཅིག་གནད་དོན་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱ་ཆེད། མང་ཚོགས་ཚོགས་ཆེན་དང་ཏང་གི་ལོ་རྒྱུས་སློབ་གསོའི་ཚོགས་འདུ། ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ། ཁྱིམ་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད“ཞབས་འདེགས་བཞིའི”བླང་བྱ་དང་ཟུང་འབྲེལ་གྱིས“ཞིབ་ཐོ་བཞིས”བྱ་བ་དངོས་སྒྲུབ་པའི་ལམ་ལུགས་བཙུགས་པ་དང་། “གང་ཞིག་སྒྲུབ་པ”དང“ཇི་ལྟར་སྒྲུབ་པའི”གནད་དོན་ཁ་གསལ་བཟོས་པ། དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་ཞིང་སྡེ་དར་རྒྱས་གཏོང་རྒྱུར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།