ཁྲིན་རུའེ་ཧྥིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2021.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥིན་ཟི་ལིང་ཆུ་འདོན་ལས་ཁུངས་དང་མཁར་བྱང་ཁུལ་གྱི་སཱ་ཨར་སི་པོ་སྡེ་ཁུལ། ཁྲའོ་དབྱང་སྡེ་བ་བཅས་སུ་སོང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲོག་སྤེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་བ་གསར་སྐྲུན་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་བཟང་པོ་ལེན་དགོས། 

ཁྲིན་རུའེ་ཧྥིན་ཟི་ལིང་གི་ཆུ་འདོན་ལས་ཁུངས་ཀྱི་ཞབས་ཞུའི་ཚོམས་ཆེན་དང་བཤམས་སྟོན་ཁང་། ལྟེ་བའི་བཀོད་གཏོང་ཁང་སོགས་སུ་སོང་ནས་ཏང་གི་ལོ་རྒྱུས་སློབ་གསོའི་གནས་ཚུལ་དང་སྦུག་དྲ་གསར་རྙིང་གི་བསྒྱུར་བཀོད་དང་ཆུ་འདོན་འགན་སྲུང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་ནན་མོ་བྱས། ཁོས་བཤད་རྒྱུར་མགོ་ཁྲིད་ཀྱི་རྩ་འཛུགས་ནུས་པ་དང་གསར་གཏོད་རྣམ་པར་ཤུགས་སྣོན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སོགས་མཐོར་འདེགས་གཏོང་དགོས། གྲོང་ཁྱེར་གྱི་ཆུ་འདོན་ལས་ཁུངས་ཀྱི་ཉམས་མྱོང་དང་སྒྲུབ་སྟངས་བཟང་བོ་དུས་ལྟར་སྤྱི་སྡོམ་དང་སྒྲོག་སྤེལ་བྱས་ཏེ་མང་ཚོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དུ་སྤེལ་དགོས།

ཁྲིན་རུའེ་ཧྥིན་མཁར་བྱང་ཁུལ་གྱི་སཱ་ཨར་སི་པོ་སྡེ་ཁུལ་གྱི་ཏང་ཡོན་བྱེད་སྒོ་ཁང་དང་སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས་སུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་། དྲ་རྒྱ་རང་བཞིན་གྱི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། མང་ཚོགས་སྤྲོ་སྣང་ཡོད་པའི་རྣམ་པ་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་ཞབས་ཞུ་སྒྲུབ་དགོས་པའི་བླང་བྱ་བཏོན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཁྲོད་གཏིང་ཟབ་ཏུ་སྤེལ་བ་དང་གཞི་རིམ་དུ་གཏིང་ཟབ་སྤེལ་ནས་མང་ཚོགས་རྣམས་ཏང་ལ་དགའ་བ་དང་ཏང་གི་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་བར་བྱེད་དགོས།

མཁར་བྱང་ཁུལ་གྱི་ཁྲའོ་དབྱང་སྡེ་བར། ཁྲིན་རུའེ་ཧྥིན་ཡིག་ཚགས་ཁང་དང་བདེ་སྲུང་ཁང་སོགས་སུ་སོང་ནས་ཏང་ཡོན་རྒན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁོ་ཚོའི་ཉམས་མྱོང་དངོས་དང་འབྲེལ་ནས་ཏང་གི་ལོ་རྒྱུས་ཡག་པོར་བཤད་པ་དང་གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གསོན་ཉམས་དང་ལྡན་པར་བྱེད་དགོས་ཞེས་ནན་གྱིས་བསྟན། ངས་དམངས་ལ་དོན་དག་དངོས་སྒྲུབ་པ་ཞེས་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བ་དང་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གཞི་རིམ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་ལྡན་པར་བྱེད་དགོས་ཞེས་བཤད།

མི་ཕམ་མགོནཔ་པོས་བསྒྱུར།