ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པ་དང་ལྔ་གཅིག་རྒྱལ་སྤྱིའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱེད་ཆེད། ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྙན་ཞུ་ཚོམས་ཁང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། མདུན་སྐྱོད་ཀྱི་བགྲོད་ལམ་གསར་བར་ཞུགས་པ། གཟི་འོད་གསར་བ་འཚེར་བར་བྱེད་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྒྲོག་འགྲེལ་སྤེལ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། ལས་བཟོ་བའི་འཐུས་ཚབ་པ་བཅས་བསྡོམས་པས་མི་སྟོང་གསུམ་ལྷག་གིས་སྒྲོག་འགྲེལ་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་བྱ་འགུལ་ལ་ཞུགས།
བྱ་འགུལ་སྐབས་སུ། 2021ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་མི་སྣས་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་། སྔོན་ཐོན་མི་སྒེར་བཞི་དང་སྔོན་ཐོན་ཐུན་མོང་གཉིས་ཀྱིས། ཟུར་སྣེ་མི་འདྲ་ས་ནས་ཁོ་ཚོའི་དཀའ་སྤྱད་འབད་འཐབ་དང་ཡར་སྐྱེད་ལྷོད་མེད་བྱས་པའི་འབད་འཐབ་གཏམ་རྒྱུད་བཤད་པ་དང་། ཁོ་ཚོས་གཞི་རིམ་དུ་རྐང་བཙུགས་ནས་སྒེར་མེད་བློས་གཏོང་བྱས་པའི་ལས་བཀུར་སྙིང་སྟོབས་དང་འབད་འཐབ་སྙིང་སྟོབས་མངོན་པར་བྱས། ངལ་རྩོལ་དཔེ་ལེགས་ཅན་གྱི་སྒྲོག་འགྲེལ་ལ་ཉན་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་པ་དང་། དུས་རབས་གསར་བར་ཞུགས་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་བྱས་རྗེས་འཇོག་པའི་ཁྲོད་བཟོ་བའི་དུས་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲིན་ཀྲི་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། གོ་རིམ་རྗེས་མར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་རྒྱུན་མཐུད་ངང་ངལ་རྩོལ་འཆད་སྟེགས་ཆེན་པོ་དང་བཟོ་སྐྲུན་པའི་གླེང་སྟེགས། ཀུན་སྤྱོད་གླེང་སྟེགས་བྱ་འགུལ་སྤེལ་ནས། ངལ་རྩོལ་གཟི་བརྗིད་ལྡན་པ་དང་ངལ་རྩོལ་བླ་ན་མེད་པ། ངལ་རྩོལ་རླབས་ཆེ་བ། ངལ་རྩོལ་ཆེས་མཛེས་པའི་འདུ་ཤེས་སྤྱི་ཚོགས་ཡོངས་སུ་ཁྱབ་པར་བྱ་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།