རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཟུར་ཁྲིད་སྙན་ཞུར་མཉམ་དུ་ཉན།
2021.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚེས་བདུན་ཉིན་གྱི་ཕྱི་དྲོ་པེ་ཅིང་ནས་ཏང་གི་ལོ་རྒྱུས་ཟུར་ཁྲིད་སྙན་ཞུར་མཉམ་དུ་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཟུར་ཁྲིད་སྙན་ཞུར་ཞུགས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུའུ་ཆིན་ཧྲན་ལགས་ཀྱིས་གདན་དྲངས་པ་ལྟར་དུ་སྙན་ཞུ་ཕུལ། ཐེངས་འདིའི་སྙན་ཞུས་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཁྲོད་ནས་ཤེས་རབ་དང་སྟོབས་ཤུགས་ཅི་ཡོད་བསྡུ་ལེན་བྱེད་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ལེན་རྒྱུ་དཀྱིལ་སྙིང་དུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ལ། ཏང་ཡོངས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་གྱིན་པའི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བྱས། ཏང་གི་ལོ་རྒྱུས་སྐོར་གྱི་རྩ་བའི་བརྩམས་ཆོས་བཀོལ་ཤེས་སློབ་ཤེས་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། ཏང་གིས་ལོ་ངོ་བརྒྱའི་རིང་ལ་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གཟི་འོད་འབར་བའི་ལོ་རྒྱུས་བསྐྲུན་པ་དང་ཕན་འབྲས་ཆེན་པོ་བླངས་པར་ཕྱིར་མིག་འཕངས། དེ་མིན་ད་དུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོ་དང་ངེས་པར་ཁོང་དུ་ཆུད་དགོས་པའི་གནད་ས་མཚམས་སྦྱོར་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སར་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་གཞུང་ལུགས་ཟུར་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན།

བན་དེ་སྐྱབས་ཀྱིས་བསྒྱུར།