ཉེ་ལམ། གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་བྱང་ཤར་ཕྱོགས་ཀྱི་མེ་འཁོར་འབབ་ཚུགས་ཀྱི་སྲང་ལམ་བརྒྱུད་ནས་རྨ་ཆུ་ལམ་སྡོད་ཁུལ་དུ་སྐྱོད་སྐབས། གནས་དེ་རུ་རྣམ་པ་གསར་རྐྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བཞིན་ཡོད།
སྡོད་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་སུམ་ཐོག་ཏུ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་འཛུགས་སྐྲུན་ལོ་རྒྱུས་ཀྱི་པར་རིས་གསོན་ཉམས་ལྡན་པའི་སྒོ་ནས་བཀལ་ཡོད་པ་དང་། གསར་བརྗེའི་སྔོན་བྱོན་པ་མང་པོའི་མི་སེམས་འགུལ་བའི་བྱས་རྗེས་དེ་ཡུལ་དུས་ལས་བརྒལ་ནས་ཚང་མའི་མིག་ལམ་དུ་མངོན་ཡོང་། གནས་དེ་ནི་དེ་སྔོན་རྨ་ཆུ་ལམ་སྡོད་ཁུལ་གྱི་ཏང་ཡོན་དཔེ་སྟོན་སློབ་གསོའི་གནས་ཡིན་པ་དང་། ད་ལྟ་སྡོད་ཁུལ་གྱི་ཏང་ཡོན་བཅུ་དྲུག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སེམས་ཁུངས་ཀྱི“ས་ཚིགས”ཤིག་ཏུ་གྱུར་ཡོད།
“གཟའ་འཁོར་རེར་ང་ཚོ་གནས་འདིར་མཉམ་དུ་འཛོམས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ཀྱིན་ཡོད། གསར་བརྗེའི་ཏང་གི་ལོ་རྒྱུས་ཀྱི་བར་ཁྱམས་དེ་བསྐྱོད་སྐབས་སྔོན་ལ་སློབ་སྦྱོང་བྱས་མྱོང་བའི་ཏང་གི་ལོ་རྒྱུས་ཚང་མ་མིག་མདུན་དུ་མཐོང་བ་ལྟར་བློ་ལ་ངེས་ཀྱིན་འདུག”ཅེས་སྡོད་ཁུལ་དུ་བྱ་བ་སྒྲུབ་ནས་ལོ་བཅུ་བདུན་འགོར་བའི་ཏང་ཡོན་ཞུས་སུའུ་ཡན་གྱིས་དེ་ལྟར་བཤད་པ་དང་། དང་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ནི་སྤྲོ་སྣང་མེད་པའི་བྱ་བ་ཞིག་ལ་ངོས་འཛིན་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ“ས་ཚིགས”དེ་ཡོད་པ་ནས་བཟུང་ཚང་མའི་སློབ་སྦྱོང་གི་སྤྲོ་སྣང་སྔར་ལས་ཆེ་རུ་ཕྱིན་ཡོད་ཟེར།
“སྡོད་ཁུལ་དུ་ལས་ཁུངས་དང་འདྲ་བར་རྒྱུན་ལྡན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྟངས་ཁོ་ནར་བརྟེན་ན་ཕན་འབྲས་དེ་ཙམ་ཡག་པོ་ཐོན་གྱིན་མེད། ང་ཚོའི་སྡོད་ཁུལ་ལ་མཚོན་ནས་བཤད་ན། ཏང་ཡོན་གྱི་རིག་གནས་ཆུ་ཚད་དོ་མི་སྙོམས་པ་དང་ཏང་ཡོན་རྒན་གྲས་ཁག་གཅིག་གིས་ཐ་ན་ཡི་གེ་ཡང་ཤེས་ཀྱིན་མེད། དེར་བརྟེན་བྱེད་སྟངས་གསར་གཏོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད”ཅེས་སྡོད་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཀང་གིས་གསར་འགོད་པར“ས་ཚིགས”ཀྱི་འབྱུང་ཁུངས་བཤད།
ཀྲའོ་ཀང་གིས་མཚམས་སྦྱོར་བྱས་པ་ལྟར་ན། སྡོད་ཁུལ་གྱིས་ད་ལོ་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་སྤེལ་མགོ་རྩོམ་སྐབས། ཏང་གི་ལོ་རྒྱུས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་སྡོད་ཁུལ་གྱི་ཏང་ཡོན་རང་ཉིད་ལ་བྱིན་ནས་ཀློག་ཏུ་བཅུག་རྗེས་སེམས་ཀྱི་མྱོང་ཚོར་འབྲི་རུ་བཅུག་པ་ཡིན་མོད། འོན་ཀྱང་ཕན་འབྲས་དེ་འདྲའི་བཟང་བོ་མིན་ལ། ཐ་ན“རྣ་གཡོན་ནས་ཡར་འཛུལ་བ་དང་རྣ་གཡས་ནས་མར་འགྲོ”བའི་རྣམ་པ་བྱུང་བ་མ་ཟད། མཐོང་ཆེན་མི་བྱེད་པ་བཅས་ཀྱི་སྣང་ཚུལ་བྱུང་ཡོད།
“གཟའ་འཁོར་ཁ་ཤས་ཀྱི་སྔོན་ལ་སློབ་སྦྱོང་ལ་སྤྱི་སྡོམ་བྱས་པ་དང་། དེ་ནི་སློབ་སྦྱོང་བྱེད་སྟངས་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། ཆེས་གནད་འགག་ནི་སྡོད་ཁུལ་གྱི་ཏང་ཡོན་རང་ངོས་ཆ་རྐྱེན་གྱི་ཚོད་འཛིན་ཞིག་ཀྱང་རེད།” སྡོད་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བའི་འགན་འཁུར་བའི་ཀྲའོ་ཀང་གིས་སྡོད་ཁུལ་ཏང་ཡོན་གྱི་གྲོས་འགོ་དང་ཁྱིམ་ཚང་དུ་བརྟག་དཔྱད་བྱེད་པར་བསྐྱོད་རྗེས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས་པ་ཤེས་ཚེ། སྡོད་ཁུལ་ཏང་ཡོན་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཐབས་ཇུས་བསྒྱུར་དགོས།
བསྟུད་མར་ཉིན་ཁ་ཤས་ཀྱི་རིང་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་ཆེད། རྨ་ཆུ་ལམ་སྡོད་ཁུལ་གྱིས་ཏང་ཡོན་གྱི་གཞིས་ཁྱིམ་དེ་དཔེ་སྟོན་སློབ་གསོའི་བྱ་འགུལ་སྤེལ་ཡུལ་དུ་བྱས་ནས། ཏང་གི་ལོ་རྒྱུས་གཅིག་བསྡུས་སྒོས་སློབ་སྦྱོང་བྱས་པ་བརྒྱུད།“ཉན་པ་དང་གླེང་མོལ། ཀློག་པ། འབྲི་བ”བཅས་སློབ་སྦྱོང་བྱེད་སྟངས་བཞི་འཚོལ་ཞིབ་བྱས་པ་མ་ཟད། ད་དུང་ལོ་གསར་རྒྱ་ལོ་བཅོ་ལྔའི་དུས་ཆེན་དང་བུད་མེད་དུས་ཆེན་ལ་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སོགས་ཀྱི་བྱ་འགུལ་སྤེལ་བས། ཏང་ཡོན་གྱི་ཏང་གི་ལོ་རྒྱུས་སློབ་གསོའི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ཚང་མའི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་སྤྲོ་སེམས་ཀྱང་འཕེལ་ཡོད།
རྨ་ཆུ་ལམ་སྡོད་ཁུལ་གྱི་ཏང་ཡོན་མང་ཆེ་བ་ཕྱི་རུ་ཞོར་ལས་སུ་བསྐྱོད་ནས་ཐག་རིང་ལ་དངོས་ཟོག་སྐྱེལ་འདྲེན་བྱས་ཏེ་འཚོ་བ་རོལ་གྱིན་ཡོད་པས། རྒྱུན་ལྡན་མཉམ་དུ་འཛོམས་ནས་སློབ་སྦྱོང་བྱེད་པར་དཀའ་ལས་ཡོད། སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་སྡོད་ཁུལ་གྱི་ཏང་ཡོན་བཅུ་དྲུག་ཏང་གི་ཚན་ཆུང་ལྔ་ལ་བགོས་ནས། བརྙན་ཕབ་དང་སྒྲ་ཕབ་ཀྱི་བྱ་ཐབས་བརྒྱུད་དེ་ཕྱིར་བསྐྱོད་ཏང་ཡོན་ལ་སློབ་སྦྱོང་བྱེད་དུ་བཅུག་ནས། ཐར་ཐོར་རྣམ་པའི་དུས་ཚོད་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་དུ་འཇུག་བཞིན་ཡོད།
ལོ་ང་བརྒྱད་ལ་སླེབས་པའི་ཏང་ཡོན་རྒན་པ་དབྱང་ཏེ་ཨན་གྱིས་མིག་གིས་ཡི་གེ་མཐོང་དཀའ་བས། ཐེངས་རེའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཚར་རྗེས། སྡོད་ཁུལ་ཏང་ཚན་ཆུང་གིས་ཉིན་དེར་སྦྱངས་པའི་ཤེས་བྱ་རྣམས་སྒྲ་བླངས་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཀློག་འདོན་བྱས་ཏེ་ཁོ་ལ་ཉན་དུ་འཇུག་བཞིན་ཡོད། “ཐེངས་རེར་ཁོའི་ཁྱིམ་དུ་སོང་ནས་ཏང་གི་ལོ་རྒྱུས་ཁོ་ལ་ཉན་དུ་འཇུག་སྐབས། དབྱང་ཏེ་ཨན་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཡོད། དེ་དག་ཚང་མར་ཉན་རྗེས་རང་ཉིད་ཀྱིས་དོན་དག་དེ་དག་དངོས་སུ་ཉམས་མྱོང་བྱེད་པ་དང་འདྲ། ད་དུང་ང་ཚོར་ཏང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཏང་ཡོན་གྱི་ཐོབ་ཐང་ལ་ངོ་གནོང་མི་དགོས་པ་མངགས་བཅོལ་བྱེད་ཀྱིན་ཡོད”ཅེས་སྡོད་ཁུལ་གྱི་ཏང་ཡོན་ཞིག་གིས་གསར་འགོད་པར་དེ་ལྟར་བཤད།
“1920ལོའི་ཟླ8པར། ཀྲུང་གོ་གུང་ཁྲན་ཏང་གི་ཆེས་སྔ་བའི་རྩ་འཛུགས་ཐོག་མ་ཧྲང་ཧའེ་ནས་བཙུགས།”
པ་ཡན་གཞིས་ཁུལ་གྱི་ཏང་ཡོན་དཔེ་སྟོན་སློབ་གསོ་བྱེད་གནས་སུ་ཏང་ལ་སློབ་སྦྱོང་བྱེད་པའི་སྐད་སྒྲ་གྲགས་འོང་ལ། ཅོག་ཙེ་གྲུ་བཞི་ཞིག་གི་གམ་དུ་སྡོད་ཁུལ་གྱི་ཏང་ཡོན་བཅུ་ལྷག་བསྡད་ནས། སྐབས་འགར་བློ་རྩེ་གཅིག་སྒྲིམ་གྱིས་ཏང་གི་ལོ་རྒྱུས་ལ་ཉན་པ་དང་། སྐབས་འགར་མགྱོགས་མྱུར་ངང་ཟིན་བྲིས་འབྲི་བཞིན་ཡོད། ཉིན་དེར་རྨ་ཆུ་ལམ་སྡོད་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བ་དངོས་སུ་སྤེལ་མགོ་ཚུགས་པ་རེད།
“ཉིན་འདི་འགའི་རིང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པ་བརྒྱུད། ཏང་གི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ལ་སྔར་ལས་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ང་རང་ཏང་ཡོན་ཞིག་ཡིན་པའི་ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་སོང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་ཟབ་ཏུ་སོང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་རང་ཉིད་ཀྱི་བྱ་བའི་ཁྲོད་བཞག་ནས། བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ་ཡིན”ཞེས་སྡོད་ཁུལ་གྱི་ཏང་ཡོན་ཞུས་སུའུ་ཡན་གྱིས་ཚང་མ་དང་མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་རྗེས་ཀྱི་བསམ་ཚུལ་བརྗོད་བྱུང་།
སྡོད་ཁུལ་གྱི་ཏང་ཡོན་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ངར་ཤུགས་དེ་མཐོང་སྐབས། གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝང་ཞའོ་པིན་གྱིས་བཤད་རྒྱུར།“གཞི་རིམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས་པ་ཞིག་རེད། རྨ་ཆུ་ལམ་སྡོད་ཁུལ་གྱིས་གནད་དོན་དེ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཕུན་སུམ་ཚོགས་པའི་སློབ་སྦྱོང་བྱ་འགུལ་དང་བྱེད་ཐབས་གསར་གཏོད་བྱས་པ་བརྒྱུད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་སྡོད་ཁུལ་གྱི་བྱ་བའི་ཁྲོད་དངོས་སུ་ཁྱབ་པར་བྱས་པས་ཕན་འབྲས་མངོན་གསལ་ཐོབ་ཡོད”ཟེར།
ད་ལྟ། རྨ་ཆུ་ལམ་སྡོད་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྣམ་པ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་པས།“ས་ཚིགས”སུ་ཏང་གི་ལོ་རྒྱུས་ཀློག་འདོན་དང་ཏང་གི་ལོ་རྒྱུས་ལ་ཉན་པ། ཅོག་ཙེའི་མདུན་དུ་བསྡད་ནས་བསམ་ཚུལ་བརྗོད་པ། གྲུབ་འབྲས་གླེང་བ། ཡང་ན་གབ་ཚིག་དང་པར་རིས་ལ་ལྟ་བ་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་པས། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱ་འགུལ་དེ་དག་ལས། སྡོད་ཁུལ་གྱི་ཏང་ཡོན་ཚོར་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་སྡོད་ཁུལ་གྱི་བྱ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།