ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་གཉིས་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་བསམ་བློ་རྟོགས་ཐབས་ཀྱིས་སྣེ་ཁྲིད་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློས་གསོ་དག་ཐེར་ལ་ཕན་འབྲས་ངོ་མ་ལེན་པར་སྐུལ་འདེད་གཏོང་བ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཀོ་ལེ་མུའུ་ཏི་གྲོང་རྡལ་ཞི་ཚོང་སྡེ་བ་རུ་ཝང་ཅན་ཅོན་གྱིས་འགྲེམ་བྱང་ལ་བལྟ་བ་དང་མཚམས་སྦྱོར་ལ་ཉན་པར་མ་ཟད། ཁུལ་དང་གྲོང་ཁྱེར། གྲོང་རྡལ། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་གྱི་འཐུས་མི་བཅས་དང་མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ནས་ལྟ་ཚུལ་བརྗེ་རེས་དང་བསམ་ཚུལ་ལྷུག་བརྗོད་གནང་། ཁོས་བསྟན་དོན། ཏང་ནང་ཁུལ་གྱི་སློབ་གསོ་སྤེལ་རྒྱུ་ནི་ང་ཚོའི་ཏང་གིས་རང་སྟེང་གི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་མཆོག་ནོར་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ཞིང་གཟི་འོད་འབར་བའི་ལོ་རྒྱུས་ཡང་དག་གསལ་བཤད་བྱས་ཡོད་པའི་ཏང་གི་ལོ་རྒྱུས་སློབ་དེབ་འདིར་སློབ་སྦྱོང་བྱས་པ་བརྒྱུད་དེ། ང་ཚོའི་ཏང་འདི་གང་ནས་ཡོང་བ་དང་གང་དུ་འགྲོ་བ་གསལ་བོར་ཤེས་ཐུབ་པར་མ་ཟད། ཐོག་མཐའ་བར་གསུམ་དུ་སེམས་ཁུངས་སུ་ཏང་ཡོད་པ་དང་ནམ་ཡང་ཏང་གི་ལས་དོན་ཡོད་པ་ཤེས་ཐུབ། ཏང་གི་སྒྲིག་ཡིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་རང་རྒྱུད་ལ་གོ་ཆ་བགོས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཡོད་ན་ཏང་ལ་དགའ་བ་དང་ཏང་ཡོད་ན་ཏང་ལ་ཡིད་ཆེས་པ། ཏང་ཡོད་ན་ཏང་ལ་སེམས་ཁུར་བྱེད་པ། ཏང་ཡོད་ན་ཡོད་ཚད་ཏང་གི་ཆེད་དུ་ཡིན་པ་བཅས་སྒྲུབ་ཐུབ་དགོས་ཟེར།
ན་གོར་མོ་གྲོང་ཁྱེར་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དུ་ཝང་ཅན་ཅོན་གྱིས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས་ངེས་ཤེས་ཇེ་མཐོར་གཏོང་བ། བྱ་བའི་ཐད་ནས་མཐུན་སྦྱོར་བྱེད་པ། རྣམ་པ་ལེགས་པོ་བསྐྲུན་པ། དཔུང་སྡེ་གཏན་འཇགས་སུ་གཏོང་བ། ལངས་གནས་ཇེ་མཐོར་གཏོང་བ། རྒྱུན་མཐུད་ངང་ཤུགས་འདོན་པ། འགོ་ལེགས་པོ་རྩོམ་པ་དང་མཇུག་ཡག་པོ་བསྡུ་བ། བྱ་བ་ལེགས་པོར་སྒྲུབ་པ་དང་གྲུབ་འབྲས་ལེགས་པོ་ལེན་པ། རྩ་འཛུགས་ཀྱིས་ཁས་ལེན་པ་དང་མང་ཚོགས་ཡིད་ཚིམ་པ། ཉེན་རྟོག་པས་ཡི་རང་བྱེད་པའི་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།
དཔའ་བརྟན་རྒྱལ་གྱིས་བསྒྱུར།