ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་སྒྲོག་དང་སློབ་གསོ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་སྐབས་སུ་ལོ་རྒྱུས་བཞི་དྲིལ་སྒྲོག་དང་སློབ་གསོ་གཏོང་བའི་ཐད་ལ་བཀོད་སྒྲིག་བྱས།
བརྡ་ཐོ་ལས་བསྟན་དོན། དྲིལ་སྒྲོག་དང་སློབ་གསོའི་བྱ་འགུལ་སྣ་ཚོགས་རྩ་འཛུགས་བཟང་བོ་བྱེད་དགོས། གཅིག དཔེ་ཀློག་དང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་དགོས། གཉིས། གཞི་རིམ་དུ་སྒྲོག་འགྲེལ་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་དགོས། གསུམ། སློབ་སྦྱོང་མྱོང་ཚོར་བྱ་འགུལ་སྤེལ་དགོས། བཞི། གསར་བརྗེ་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བའི་བྱ་འགུལ་སྤེལ་དགོས། ལྔ། སྔོན་ཐོན་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་དགོས། དྲུག དམར་དམག་གི་ཁྱིམ་སྲོལ་རྒྱུན་འཛིན་བྱ་འགུལ་སྤེལ་དགོས། བདུན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱ་འགུལ་སྤེལ་དགོས། བདུན། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་དགོས་ཟེར།
བརྡ་ཐོ་ལས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁྲིད་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ། ཡང་དག་པའི་ལོ་རྒྱུས་ལྟ་བ་ཆགས་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་བརྗོད་གཞི་ཡིན་པའི་གཙོ་ཐིག་དང་ངོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་ལ། ལངས་ཕྱོགས་བརྟན་པོའི་སྒོ་ནས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ན་གཞོན་ལོ་ཆུང་ཚོགས་པ་འབུར་དུ་ཐོན་པར་བྱེད་པ་དང་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས་ལ། དྲ་རྒྱའི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། དྲིལ་སྒྲོག་དང་སློབ་གསོའི་བྱ་བ་སྣ་ཚོགས་གོ་རིམ་ལྡན་པར་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།