མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཆེས་གསར་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པར་དམིགས་ནས་ཆེད་དོན་བགྲོ་གླེང་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས། ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐོ་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཏང་ཙུའུ་ཡི་བློ་མཐུན་གཞན་པས་ཡིག་ཐོག་གཏམ་བཤད་ཡིག་ཆ་སྤྲད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་ལོ་རྒྱུས་ཀྱི་དུས་སྐབས་སུ། ང་ཚོ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོ་རྙིང་བ་དབུལ་ཕོངས་ཡིན་པའི་རྨང་གཞིའི་སྟེང་། ཀྲུང་གོའི་ལོ་རྒྱུས་སྟེང་གི་སྔར་མེད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པ་དང་། འབད་འཐབ་ཀྱི་ལོ་རྒྱུས་ལས་སླ་མོ་ཞིག་མིན་ལ། གྲུབ་འབྲས་ལེན་རྒྱུ་དེ་ལས་སླ་མོ་ཞིག་མིན། དུས་སྐབས་དེའི་ལོ་རྒྱུས་སློབ་སྦྱོང་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོུགས་རྒྱུན་འཁྱོངས་བྱེད་པ། འགྲོ་ཕྱོགས་གཙོ་བོ་དང་ཕལ་བར་དབྱེ་བ་གསལ་བོ་བྱེད་པ། བདེན་ལུགས་རྒྱུན་འཁྱོངས་བྱེད་པ། ནོར་འཁྲུལ་ཡོ་བསྲང་བྱེད་པ། ཉམས་མྱོང་དར་སྤེལ་གཏོང་བ་དང་བསླབ་བྱ་བསྡུ་ལེན་བྱེད་པ། སྲིད་གཞུང་གི་བྱ་བའི་ཕན་ནུས་མཐོར་འདེགས་གཏོང་བ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། ཏང་ཀྲུང་དབྱང་སེམས་བདེ་བར་བྱེད་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་བྱེད་དགོས། སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་ལག་ལེན་ལ་བརྩི་མཐོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འཚོལ་ཞིབ་ཟབ་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་བྱ་བ་ཆེན་པོར་རྒྱུས་ལོན་གསལ་བོ་བྱེད་པ། བརྟག་བཤེར་ཞིབ་འཇུག་ཇེ་དྲག་ཏུ་གཏོང་བ། བརྡར་གཅོད་བཀོད་གཏོང་ལ་ཤུགས་སྣོན་པ། བྱ་བའི་དཀའ་གནད་ལ་རྒྱུས་ལོན་ཡང་དག་བྱེད་པ། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་སྲིད་ཇུས་གནད་ལ་འཁེལ་བ་སྤྱད་དེ། ཧུར་ཐག་གིས་བྱ་བའི་ཚན་རིག་རང་བཞིན་དང་ཕན་ཡོད་རང་བཞིན་མཐོར་འདེགས་གཏོང་དགོས། སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་སྲིད་གཞུང་བྱ་བའི་ཕན་ནུས་ཆུ་ཚད་མཐོར་འདེགས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པ། ལས་གཞིའི་ཐད་མ་དངུལ་གཏོང་བར་དམ་འཛིན་བྱེད་པ་དང་བཟོ་ལས་འཁོར་རྒྱུག་གཏན་འཇགས་སུ་གཏོང་བ། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་སོགས་ཕྱོགས་ལ་རྒྱུན་མཐུད་ངང་ཤུགས་བཏོན་ནས། སྟོབས་ཤུགས་ཡོད་རྒུས་རྨ་སྟོད་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་གིས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་པ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་སྟེང་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

                                                                                                                        རིན་ཆེན་མཚོས་བསྒྱུར།