ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཙན་ཆུང་བཅུ་བས་མཚོ་སྔོན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་གྲོས་ཚོགས་བསྡུས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བའི་ཚན་གཙོ་ཝེ་ཏཱ་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ཞའོ་ཅུན་གྱིས་རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བའི་ཚན་གཙོ་གཞོན་པ་ཧྲིན་ཁྲོན་པའོ་དངཁོངས་མི་གཞན་པ། ད་དུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་སྙན་ཞུ་གྲོས་ཚོགས་ལ་ཞུགས།
ཝེ་ཏཱ་ཕིན་གྱིས་མཛུབ་སྟོན་ཚན་ཆུང་གི་བྱ་བའི་འགན་འཁྲི་དང་ལས་འགན་གཙོ་བོ། བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས། ཁོས་བསྟན་དོན། ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་རུ་རྐང་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་ཡོད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཡིད་ཆེས་བརྟན་པོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱེད་ཆེད་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་ནན་གྱིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཏང་ཡོངས་ཀྱིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། བསམ་བློའི་ལངས་གནས་མཐོར་འདེགས་གཏོང་བ། གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་དྲང་བདེན་འཛིན་སྐྱོང་གསར་གཏོད་བྱས་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། མཛུབ་སྟོན་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ། མཚོ་སྔོན་ཀྲུང་ཧྭའི་ཆུ་གཏེར་དང་ཞིན་ཅང་གཏན་འཇགས་དང་བོད་ལྗོངས་སྲ་བརྟན་གྱི་ས་ཆ་གཙོ་བོ་ཡིན་པའི་འགན་འཁྲི་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ཏང་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་དང་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་བཅངས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་ནན་མོ་བྱེད་པ། བྱ་བའི་བྱེད་ཐབས་བཟང་བོ་སྤྱོད་པ། སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་པ། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྒྲིག་ལམ་བརྩི་སྲུང་བྱེད་པ། ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་དམ་དུ་བརྟེན་པ་དང་། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་བྱ་བ་སྤེལ་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར། ཝེ་ཏཱ་ཕིན་གྱིས་ད་དུང་མཛུབ་ཁྲིད་ཚན་ཆུང་གི་ཚབ་བྱས་ནས་རྨ་སྟོད་ས་འགུལ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོས་སྔ་མོ་ནས་ཁྱིམ་གཞི་འཛུགས་སྐྲུན་བྱེད་ཐུབ་པའི་སྨོན་འདུན་ཞུས།
ཝང་ཅན་ཅུན་གྱིས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་རྒྱུས་ཀྱི་དུས་སྐབས་དང་། བརྒྱ་ལོ་གཉིས་ཀྱི་ཐད་འབད་འཐབ་མདུན་སྐྱོད་བྱེད་པའི་གནད་འགག་དུས་རིམ་དུ། ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བཀོད་སྒྲིག་གལ་ཆེན་བཏོན་པ་དང་། དོན་སྙིང་གལ་ཆེན་ལྡན་པ་དང་ཤན་ཤུགས་ཆེན་པོ་ལྡན། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཤུགས་དེ་ནམ་ཡང་ཆབ་སྲིད་གླེང་བ་དང་སློབ་སྦྱོང་ལ་དོ་སྣང་བྱེད་པ། བདེན་ལུགས་འཚོལ་བ། མི་དམངས་བསམ་པ། གཙོ་འཛིན་ལ་དགའ་བའི་ཐད་ནས་ཡོང་བ་ཡིན་ལ། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་འཕེལ་བ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེནཔ། ལོ་རྒྱུས་བསླབས་ནས་ལག་བསྟར་ནན་མོ་བྱེད་པ། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་པར་རྒྱུས་ལོན་བྱེད་པ་དང་། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་གྲུབ་པར་བྱེད་པར་སློབ་གསོ་སྣེ་ཁྲིད་བྱེད་ན། ངེས་པར་དུ་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆོས་ཉིད་ཐད་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་པ། དུས་རབས་གསར་བའི་ཏང་གི་གསར་གཏོད་གཞུང་ལུགས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ངེས་པར་དུ་བདེན་ལུགས་ཀྱི་གཟི་འོད་དང་བསམ་བློའི་ནུས་ཤུགས། རྒྱུན་མཐུད་ཀྱི་དགོངས་དོན། འབད་འཐབ་ལྷོད་མེད་ཀྱི་སློབ་གསོ་རྒྱ་བསྐྱེད་པ་དང་། འཛམ་གླིང་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བ་ཡང་དག་འཛུགས་པ། ཏང་ལ་བློ་དཀར་བའི་ཀུན་སྤྱོད་བཟང་བོ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཀུན་སྤྱོད། རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་འཛུགས་དགོས། ངེས་པར་དུ་འགོ་ཚུགས་ས་གསར་བའི་སྟེང་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་འཛིན་པའི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་དཀའ་གནད་དང་དོན་དག་གལ་ཆེན་བཟང་བོར་བསྒྲུབ་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་གསར་བ་བརྩོན་དགོས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བ་མཚོ་སྔོན་དུ་ཡོང་ནས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་ནི། རང་ཞིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་བ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་ག་ཉིས་ཏང་ཀྲུང་དབྱང་གི་རེ་བའི་སྟེང་གཅིག་གྱུར་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། བྱ་བའི་ཚན་ཆུང་སོ་སོའི་ཚན་གཙོ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།