ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཞིང་ཆེན་དམངས་ཆེན་གྱི་ཏང་ཡོན་ཚང་མར་ཏང་གི་ལོ་རྒྱུས་ཀྱི་ངེས་སྦྱོང་སློབ་ཁྲིད་ལེགས་པར་བསླབ་ནས་དུས་རབས་གསར་བའི་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་པའི་ཏང་གི་སློབ་ཁྲིད་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཉི་མ་སྒྲོལ་མ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ་གྲོས་ཚོགས་ལ་ཞུགས།
ཀྲང་ཀོང་རོང་གིས་བསྟན་དོན། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་འཕེལ་བ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞི་རྩ་དང་དམིགས་འབེན་ཡིན། སློབ་སྦྱོང་བྱས་པ་བརྒྱུད་དེ་ཏང་གི་ལོ་རྒྱུས་ཁྲོད་བསམ་བློའི་སྟོབས་ཤུགས་དང་དད་སེམས་ཀྱི་སྟོབས་ཤུགས། སྤྱོད་བཟང་གི་སྟོབས་ཤུགས། ལག་ལེན་གྱི་སྟོབས་ཤུགས་བཅས་བསྡུ་ལེན་བྱས་ཏེ། བསམ་བློ་དང་འདུ་ཤེས། སྤྱོད་ལམ་བཅས་གཅིག་གྱུར་བྱས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།
ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པ་དང་མར་ཁེ་སི་རང་ལུགས་ཀྱིས་ཅིའི་ཕྱིར་ནུས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཅིའི་ཕྱིར་བཟང་བའི་གནས་ལུགས་རྟོགས་དགོས་ལ། ཏང་གི་ལོ་རྒྱུས་བསླབས་ནས་དད་སེམས་འཕེལ་བར་བྱས་ཏེ་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་བཅས་་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་ཏེ་ཏང་ལ་བློ་དཀར་བའི་སྤྱོད་བཟང་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱི་སེམས། རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་ལ་བཀུར་བསྟི་བྱེད་དགོས། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་ཏེ་སློབ་པ་བཀོལ་སྤྱོད་དང་ཤེས་སྤྱོད་ཟུང་འབྲེལ་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བསླབས་ཚན་གཙོ་བོ་ཡིན་ལ། ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དོན་འཁྱོལ་བྱས་ཏེ་དུས་རབས་གསར་བའི་མཚོ་སྔོན་འཛུགས་སྐྲུན་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས།
མི་ཕམ་མགོན་པོས་བསྒྱུར།