ལོ་བཅུའི་སྔོན་ལ་གསེར་དངུལ་རྩྭ་ཐང་དུ་ཐེངས་འགར་སོང་མྱོང་ལ། མུ་མཐའ་མི་མངོན་པའི་རྩྭ་ཐང་དུ་སྐར་ཚོགས་ས་ལ་བཀྲམ་པ་ལྟ་བུའི་རྟ་ནོར་ལུག་གསུམ་མཐོང་ཐེངས་རེར་ཡིད་སེམས་དགའ་བས་བརྟས་ཤིང་། འབའ་འབུར་མི་སྙོམས་པའི་དེའུ་འབུར་རེའི་སྟེང་འགོས་དུས་གངས་རི་དང་གྲོང་ཁྱེར། རྩྭ་ཐང་བཅས་ཡུག་གཅིག་ཏུ་འདྲེས་པའི་ཉམས་སྣང་དེས་སྨྲ་མི་ཤེས་པའི་ཚོར་བ་རེ་སྦྱིན་ཡོང་།
ལོ་རྒྱུས་ཀྱི་གསང་བ་རུམ་པའི་གསེར་དངུལ་རྩྭ་ཐང་གིས་མི་མང་པོ་ཞིག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས་མྱོང་བས། ས་ཁུལ་ཁག་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཡང་དང་བསྐྱར་དུ་གསེར་དངུལ་རྩྭ་ཐང་དུ་ལོག་ནས། ལོ་རྒྱུས་ཀྱི་གསང་བ་ཀློག་ཞོར་རྩྭ་ཐང་གི་མཛེས་ཉམས་ལོངས་སུ་སྤྱོད་བཞིན་འདུག
ཀྲུང་གོའི་རྡུལ་ཕྲན་མཁར་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གསེར་དངུལ་ཐང་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1100ལྷག་ཙམ་ཡོད། དེ་ནི་རང་རྒྱལ་གྱིས་འཛུགས་སྐྲུན་བྱས་པའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་བྱས་པའི་རྟེན་གཞི་དང་པོ་ཡིན་ཞིང་། ཚན་རྩལ་ལས་བྱེད་རྒན་རབས་པ་ཚོས་གནས་དེར་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་ཐོག་མ་དང་ཆིང་ཏན་འབར་མདེལ་ཐོག་མ་ཞིབ་འཇུག་དང་བཟོ་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བ་རེད།
རྡུལ་ཕྲན་མཁར་ནི1958ལོར་བཙུགས་ཤིང་། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་ཐོག་མ་དང་ཆིང་ཏན་འབར་མདེལ་ཐོག་མ་ཡང་དེ་གར་བྱུང་བས“རྡུལ་ཕྲན་མཁར”ཞེས་འབོད། རྡུལ་ཕྲན་མཁར་ནི་དེ་སྔའི་མཚོ་སྔོན221བཟོ་གྲྭའི་གནས་ཡུལ་ཡིན་ཞིང་། 1995ལོའི་ཟླ5པའི་ཚེས15ཉིན་ཕྱིར་འཐེན་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ནུབ་མཚོ་གྲོང་རྡལ་ཞེས་པའི་མིང་ལ་བསྒྱུར་ཞིང་། 2001ལོར་མཚོ་སྔོན་རྡུལ་ཕྲན་མཁར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་པ་རེད། 2005ལོའི་ཟླ11པར། རྡུལ་ཕྲན་མཁར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས།
2009ལོའི་ཟླ་ལྔ་པར་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་བསྐྲུན་ནས་སྒོ་ཕྱེ་བ་ནས་བཟུང་ལོ་མང་རིང་དྲན་གསོ་ཁང་དེས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་སོགས་ཀྱི་ཐད་བསམ་བློའི་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཡོད་ལ། ས་ཆ་དེ་རིམ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོའི་རྟེན་གཞི། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོའི་རྟེན་གཞི། གསར་བརྗེའི་རིག་གནས་ཀྱི་འགྲེམས་སྟོན་རྟེན་གཞི་བཅས་གལ་ཆེན་ཞིག་ཏུ་རིམ་བཞིན་གྱུར་ཡོད།
དྲན་གསོ་ཁང་གིས་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་བྱ་གཞག་ཐད་ཐབས་ཇུས་འགོད་པ་དང་། འཛུགས་སྐྲུན། ཚོད་ལྟ་དང་ཐོན་སྐྱེད་བཅས་ཀྱི་ལོ་རྒྱུས་ཀྱི་ལག་ལེན་བརྒྱུད་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཤིན་ཏུ་ཛ་དྲག་པོ་དང་རྒྱལ་ནང་གི་ཐོན་སྐྱེད་མཐུན་རྐྱེན་དཀའ་ངལ་ཧ་ཅང་ཆེ་བའི་འོག་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ལ་མི་སྐྲག་པར་ཚན་རྩལ་གྱི་རི་རྩེར་འཛེགས་ནས་མི་རིགས་ཀྱི་ལ་རྒྱ་སྲུང་བའི་སྙིང་སྟོབས་དང་ཆོད་སེམས་གཅིག་སྡུད་ཐོག་མངོན་པར་བྱས་པ་མ་ཟད། ཚན་རྩལ་ལས་དོན་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ་ཁྱིམ་དོར་རྒྱལ་སྲུང་དང་། མཐུན་སྒྲིལ་གཞོགས་འདེགས། རང་རྟེན་གསར་གཏོད་བཅས་ཀྱི་སྒོ་ནས “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་གཏོད་པའི་གཟི་བརྗིད་ལྡན་པའི་བརྒྱུད་རིམ་ཡང་མཚོན་པར་བྱས་ཡོད།
ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་མགོ་བརྩམས་པའི་ལོ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པས། གནས་དེ་ནི་ས་གནས་ཀྱི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་ཏང་གི་ལོ་རྒྱུས་ཤེས་བྱར་སློབ་སྦྱོང་བྱེད་ཡུལ་དུ་གྱུར་ཡོད།
ཆར་བ་ཤག་ཤག་འབབ་པའི་དབྱར་གཞུང་གི་ཉིན་མོ་ཞིག་ལ། ཡང་བསྐྱར་ཀྲུང་གོའི་རྡུལ་ཕྲན་མཚོན་ཆའི་ཞིབ་འཇུག་གསར་བཟོ་རྟེན་གཞིའི་རྗེས་དྲན་རྡོ་རིང་ལ་བལྟ་རུ་སོང་བ་ཡིན།
1964ལོའི་ཟླ10པའི་ཚེས16ཉིན་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་བདེ་བླག་ངང་འགས་གཏོར་བྱུང་།
1967ལོའི་ཟླ6པའི་ཚེས17ཉིན། རང་རྒྱལ་གྱི་ཉིང་རྡུལ་འབར་མདེལ་བདེ་བླག་ངང་འགས་གཏོར་བྱུང་།
1995ལོར། རྡུལ་ཕྲན་མཁར་དུ་གྲགས་པའི་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཡོངས་སུ་མཚམས་བཞག་པ་དང་། མང་ཚོགས་དང་ཡུལ་སྐོར་པར་སྒོ་ཕྱེས། གསེར་དངུལ་རྩྭ་ཐང་ཡང་དེའི་སྙན་གྲགས་དང་གསང་བ་ལ་བརྟེན་ནས་མི་རྣམས་ཀྱི་དོ་སྣང་བྱེད་ཡུལ་དང་མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་ཡུལ་སྐོར་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་རེད།
བཙའ་ཡིས་ཟིན་པའི་ལྕགས་ལམ་དང་ཕྱེད་ཙམ་ས་འོག་ཏུ་སྦས་པའི་རྣོ་ལྕགས་ཀྱི་ཁང་པ་དག“མདེལ་གཉིས་སྐར་གཅིག”ཞིབ་འཇུག་གསར་སྤེལ་གྱི་དཔང་དངོས་གཙོ་བོར་གྱུར་ཡོད། འདི་ལས་སྐབས་དེའི་ཀྲུང་གོའི་ཚན་རིག་ཞིབ་འཇུག་པ་དག་གི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་ཐུབ།
“ལོ་རྒྱུས་ཀྱིས་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད། ང་ཚོས་དེ་རིང་ཁོ་ཚོའི་ལོ་རྒྱུས་ཟིན་བྲིས་སུ་བཏབ་ནས་སློབ་སྦྱོང་བཟང་པོ་བྱེད།”
དྲན་གསོ་ཁང་དུ་སོང་བའི་ཚེ་ན། མདུན་ཐད་ཀྱི་ཤེལ་སྒམ་ནང་སྐབས་དེའི་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་སྤེལ་གྱི་འཕྲུལ་ཆས་དང་ཡིག་ཆ་སྣ་ཚོགས་བཀྲམ་ཡོད་ཅིང་། གྱང་ངོས་སུ་བཀལ་བའི་འདྲ་པར་རེ་རེ་ནི་རྟེན་གཞི་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག གསར་སྤེལ་ཐོན་སྐྱེད་ཀྱི་དྲན་པ་རེ་རེར་གྱུར་ཡོད།
མི་ལ་སྙིང་སྟོབས་མེད་ན་རྒྱལ་ཁབ་ལ་སྙིང་སྟོབས་མེད་ཅེས་པ་ནང་བཞིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་མི་རབས་འགའ་ལ་སྐུལ་སློང་དང་སྐུལ་མ་བཏང་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། གནམ་ས་གཡོ་བའི་ལས་ལ་གཞོལ་ནས་རང་མིང་མི་འགོད་པ་དང་། ཁོ་ཚོ་མི་ཡུལ་དང་ཁ་བྲལ་དོན་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཉེན་ཁ་ཁོ་ནའི་ཆེད་རེད། ལོ་རྒྱུས་ཀྱིས་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད་ལ། མི་དམངས་ཀྱིས་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད་པ་ནི།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མི་དམངས་མང་ཚོགས་ཀྱི་སེམས་སུ་བརྟན་པོར་བཅངས་ནས། མི་རབས་ནས་མི་རབས་བར་ཀྲུང་ཧྭ་མི་རིགས་ཀྱི་བུ་ཕྲུག་ཚོས་རྒྱལ་གཅེས་ཀྱི་བསམ་པ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བསམ་བློ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་ཀྱིས་མེས་རྒྱལ་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་འབད་འབུངས་ལྷོད་མེད་བྱེད་པ་དེ་ཡིན།
རྡུལ་ཕྲན་མཁར་དྲན་གསོ་ཁང་གི་མགོ་གཙོ་གཞོན་པ་མ་ཆིན་ཧྥང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་དེར་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་སྤེལ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་། 1955ལོའི་ཟླ1པའི་ཚེས15ཉིན་མའོ་ཀྲུའུ་ཞི་ཡིས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱས་འཛོམས་ཚོགས་འདུ་བསྡུས་པ་དང་། ཚོགས་འདུ་དེ་ནི་ཤིན་ཏུ་གསང་བ་ཞིག་ཡིན་པས་འདྲ་པར་བླངས་མི་ཆོག་མོད། འདི་རུ་གཙོ་བོ་ཙུང་ལིའི་ལི་ཐོ་བརྗེད་ཐོ་དང་ཙུང་ལིས་ཀྲུའུ་ཞིར་བྲིས་པའི་ཕྱག་འཕྲིན་འདི་གཉིས་ཉར་ཚགས་བྱས་ཡོད། ཉི་མ་དེ་ནི་རང་རྒྱལ་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་དན་རྟགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། རྗེས་སུ་ཟླ1པའི་ཚེས15ནི་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་གསར་སྐྲུན་གྱི་དྲན་གསོའི་ཉིན་མོར་གྱུར།
མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད་པའི“མདེལ་གཉིས་སྐར་གཅིག”སྐོར་གྱི་གསར་འགྱུར་ལེ་ཚན་ལ་བལྟས་རྗེས། ད་ལོར་དགུང་ལོ86ལ་སོན་པའི་ལིའུ་ཀྲའོ་མེན་འགྲུལ་ཁང་གི་འབོལ་ཁྲིའི་སྟེང་ཙོག་ནས། ཁོང་གི་ཆུང་མར་བལྟ་ཞོར་མིག་མཐར་མཆི་མ་འཁོར་བ་ནི་སྐབས་དེའི་དཀའ་སྡུག་གི་ལོ་ཟླ་དང་གཞན་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ངོ་མཚར་ཅན་ལ་ཕྱིར་དྲན་བྱེད་བཞིན་པ་ངང་གིས་རྟོགས་ཐུབ།
1963ལོར། ལིའུ་ཀྲའོ་མེན་རྒྱལ་ས་པེ་ཅིན་ནས་ལམ་ལ་ཆས་སྐབས། གཡུལ་སར་བསྐྱོད་དགོས་པ་ཤེས་ཡོད་མོད། གནས་དེ་ནི་ས་ཕྱོགས་གང་ན་ཡོད་པ་ཁོ་ལ་དེ་འདྲའི་གསལ་ཆ་མེད། ཏང་དང་རྩ་འཛུགས་ཀྱིས་ཁོ་ལ་སྤྲད་པའི་ལས་འགན་དེ་ལེགས་འགྲུབ་བྱ་ཆེད། མེ་འཁོར་ལ་བསྡད་ནས་ལེ་དབར་སྟོང་ཕྲག་མང་པོ་བརྒྱུད་མཐར་དེང་གི་ཧའེ་ཡན་རྫོང་དུ་སླེབས་པ་རེད།
“གསེར་དངུལ་རྩྭ་ཐང་དུ་ཐོན་པའི་དགོང་མོ་དེར། དགོང་ཟས་ལ་རོལ་རྗེས་བདེ་སྲུང་ཁའོ་ཡིས་མི་རེར་གོ་རེ་སྣུམ་བཙས་བག་ལེབ་གཉིས་རེ་མ་གཏོགས་གཞན་ཅི་ཡང་མ་བྱིན་རུང་། བྱ་བར་དགའ་ཞེན་ཆེ་བའི་རྣམ་འགྱུར་དེ་སེམས་ནས་བོར་མ་མྱོང་།”མཐའ་ཡས་པའི་རྩྭ་ཐང་དུ་འགྲེང་ནས་ལས་གྲོགས་ཚོའི་རས་གུར་མཐོང་བ་ན། སེམས་ལ་དགའ་ཚོར་ཞིག་སྐྱེས་སོང་། སྐབས་དེར་ལང་ཚོ་དར་ལ་བབ་པའི་ན་གཞོན་ཁོ་ལ་མཚོན་ན། གནས་འདིའི་འཚོ་བའི་ཁོར་ཡུག་དང་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་ཆ་རྐྱེན་སོགས་རྒྱལ་ས་པེ་ཅིན་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་པ་རེད།
“གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། རླུང་གཡུགས་ཚེ་རས་གུར་ཡང་རླུང་གིས་འཁུར་ལ་ཉེ། ”དེ་ནས་ཅུང་ཙམ་འགོར་རྗེས་ཁོ་ཚོའི་སྡོད་ས་གནས་སྤར་ནས་ཆ་རྐྱེན་ཇེ་ལེགས་སུ་སོང་རུང་།“ཁ་བ་འབབ་པའི་སྐབས་སུ་འདབ་མ་ཐར་ཐོར་རེ་ཁང་ཀླད་ནས་ནང་དུ་འཕུར་ཡོང་།” མཚན་མོ་ཉལ་ཁར་མལ་ཐུལ་དང་སྲིང་བལ་ཅན་གྱི་ལྭ་རིང་དེ་མ་གོན་ན་གཉིད་ཡོང་དཀའ།
འདི་ལྟར་དགུན་ཁ་བ་དང་བཀྲེས་ལྟོགས་ཀྱིས་མནར་ན་ཡང་ལིའུ་ཀྲའོ་མེན་གྱི་ཡར་རྒྱས་བརྩོན་ལེན་གྱི་སེམས་པར་གཡོ་འགུལ་གཏན་ནས་ཐེབས་མ་མྱོང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྨན་ཁང་གི་ཏང་གི་ལོ་རྒྱུས་ཤེས་བྱར་སློབ་སྦྱོང་བྱེད་པའི་ཚོགས་འདུའི་ཡུལ་དངོས་སུ། སྨྱན་སྦྱོར་ཚན་ཁག་གི་ལས་བྱེད་མི་སྣ་གདུགས་དཀར་སྐྱིད་ཀྱིས་བཤད་རྒྱུར། ངས་སྔོན་བྱོན་ཚན་རིག་ཞིབ་འཇུག་པ་མང་པོས་རང་གི་ཁྱིམ་མི་དང་ཁ་བྲལ་ནས་མཐོ་སྒང་གི་ས་ཆ་འདིར་འོངས་ནས། དཀའ་ཚེགས་ལ་མ་འཛེམས་པར་རྒྱལ་ཁབ་ཀྱི་རྡུལ་ཕྲན་མཚོན་ཆ་གསར་བཟོ་བྱས་པའི་སྙིང་སྟོབས་དེ་ནམ་ཡང་ཡིད་ལ་དམ་པོར་བཟུང་ནས། རང་ཉིད་ཀྱི་ལས་རྐང་ཐོག་འབད་པ་བྱས་ཏེ། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ཡོང་བ་དང་། ལྷག་པར་དུ་རིམས་ནད་སྔོན་འགོག་ཐད་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་རྒྱུ་ཡིན་ཟེར།
འབྲེལ་ཡོད་རྒྱུ་ཆ་ལས་མངོན་པ་ལྟར་ན། 1959ལོ་ནས1963ལོའི་བར་དུ། ཀྲུང་དབྱང་གིས་སྔ་གཞུག་ཏུ་ལས་ཁུངས་བཅུ་གཅིག་ནས་དཔུང་སྡེ་ཧྲག་བསྒྲིགས་ཀྱིས་གསེར་དངུལ་རྩྭ་ཐང་དུ་ཕྱིན་པ་དང་། གཞི་ཁྱོན་ཆེན་པོའི་སྒོ་ནས་འཛུགས་སྐྲུན་བྱས་ཤིང་། བར་སྐབས་དེར་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་བརྒྱ་དང་དྲུག་ཅུར་རྒྱལ་ཁབ་དང་པུའུ། ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་དང་རྒྱལ་ཁབ་གསར་གཏོད་བྱ་དགའ་ཐོབ་པ་དང་། གྲུབ་འབྲས་འདི་དག་གི་རྒྱབ་ལོགས་སུ་མདེལ་གཉིས་ལ་མཛད་རྗེས་ཆེན་པོ་འཇོག་མཁན་གྱིས་མཚོན་པའི་ཚན་རིག་བྱ་བ་སྒྲུབ་མཁན་དང་འཛུགས་སྐྲུན་པ། ངལ་རྩོལ་པ་བཅས་བགྲང་གིས་མི་ལངས་པས་གནས་འདིར་སེམས་ཤུགས་དང་ལུས་ཤུགས་གང་མང་བཏོན་ཡོད།
སྐབས་དེར་ཀའོ་ཡོང་ཧོའེ་དང་། ཏིན་ཅ་ཞན། ཕིན་ཧོན་ཝུའུ་སོགས་ལྟ་བུའི་ཚན་རིག་པ་རླབས་ཆེན་དག་གིས་མེས་རྒྱལ་གྱི་ཉིང་རྡུལ་ལས་དོན་གྱི་ཆེད་དུ་རྒྱལ་ཁབ་ཕྱིའི་ཕུན་སུམ་ཚོགས་པའི་འཚོ་བའི་འབྱོར་མཁོ་བློས་བཏང་ནས་རྒྱལ་ནང་དུ་ལོག་པ་དང་། མཐོ་སྒང་གི་ཐང་སྟོང་འདིར་མཚན་སྙན་དང་ཁེ་ཕན་ཅི་ཡང་མ་བསམ་པར་རང་ཉིད་ཀྱི་ལང་ཚོ་དང་བློ་གྲོས་ཕུལ་བར་མ་ཟད། ཐ་ན་རང་གི་ཚེ་སྲོག་ཀྱང་བློས་བཏང་བ་རེད།
ཚན་རིག་པ་དག་ནི་ལོ་ན་སུམ་ཅུའི་ནང་ཡོད་པ་རྐྱང་རྐྱང་ཡིན་ལ། ཉིང་རྡུལ་བཟོ་ལས་ལ་ཐོག་མར་ཞུགས་སྐབས་ཕལ་ཆེར་ལོ་སུམ་ཅུ་ཡང་ལོན་མེད་པ་རེད། ཀྲུང་གོ་རྒྱལ་ཁབ་ཉིང་རྡུལ་བཟོ་ལས་ལ་ཐོག་མར་ཞུགས་པའི་མི་འབུམ་གཅིག་གི་ཁྲོད་ལོ་ན་ཉེར་ལྔའི་མན་གྱིས་བརྒྱ་ཆའི་རེ་བརྒྱད་ཟིན་པ་དང་། ལོ་ན་ཉེར་དྲུག་ནས་སོ་ལྔའི་བར་གྱིས་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད།
རླབས་ཆེན་གྱི་མི་བུ་དེ་དག་ང་ཚོའི་སེམས་ཁོང་ན་གསོན་པོར་གནས་ཡོད་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་ཉམས་པ་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།