མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རྒྱུན་འཛིན་བྱ་དགོས།
2021.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 1958ལོར། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་གཙོ་བྱས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་ཚོའི་ཐབས་ཇུས་དང་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་གསེར་དངུལ་ཐང་དུ་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་བཟོ་དང་ཚོད་ལྟ། ཐོན་སྐྱེད་བཅས་ཀྱི་རྟེན་གཞི་ཐོག་མ་སྟེ221བཟོ་གྲྭ་བཙུགས། སྐབས་དེར། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་། བཟོ་པ། ལས་བྱེད་པ། འབྲོག་པ། ཁྱིམ་མི། མི་དམངས་བཅིངས་འགྲོལ་དམག  སྐུ་སྲུང་དམག་དཔུང་བཅས་ཀྱི་བཀོད་འཐབ་པ་རྣམས་ཀྱིས་ཏང་གི་འགོ་ཁྲིད་འོག་དང་།  རྒྱལ་ཡོངས་དང་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྦྱོར་ཆེན་པོའི་འོག དཀའ་སྤྱད་ལས་སྐྲུན་དང་། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ། མཐུན་སྒྲིལ་འབད་འཐབ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཉིང་རྡུལ་འབར་མདེལ་དང་ཆིང་ཏན་འབར་མདེལ་གྱི་ལག་རྩལ་རྩེར་སོན་གྱི་དཀའ་གནད་འགག་སྒྲོལ་བྱས་ཡོད། 1960ལོའི་ཟླ11པའི་ཚེས5ཉིན། རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི་འཕུར་མདའ་དང་པོ་ཤར་རླུང་རྟགས་ཅན་དང་པོ་འཕེན་གཏོང་ལེགས་འགྲུབ་བྱུང་བ་དང་། 1964ལོའི་ཟླ10ཚེས16ཉིན། རང་རྒྱལ་གྱི་ཉིང་རྡུལ་འབར་མདེལ་དང་པོ་དེ་ཞིན་ཅང་གི་ལོ་པུའུ་ཕོ་ནས་འབར་གས་ལེགས་འགྲུབ་བྱུང་།  1967ལོའི་ཟླ6པའི་ཚེས17ཉིན། རང་རྒྱལ་གྱི་ཆིང་ཏན་འབར་མདེལ་དང་པོ་འབར་གས་ལེགས་འགྲུབ་བྱུང་སྟེ། ཨ་རི་དང་སུའུ་ལེན་རྒྱལ་ཁབ་གཉིས་ཀྱི་ཉིང་རྡུལ་སྒེར་སྡེམ་གཏོར་བ་རེད། དེའི་རྗེས་སུ། རང་རྒྱལ་གྱིས་ཡང་བསྐྱར་དབྱིབས་སྣ་ཚོགས་ཀྱི་འཐབ་ཇུས་ཉིང་རྡུལ་མཚོན་ཆའི་དམག་ཆས་སྤྲས་པའི་དམག་དཔུང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་གོའི་རྒྱལ་སྤྱིའི་ཐོག་གི་གོ་གནས་ཇེ་མཐོར་བཏང་ཞིང་།  འོད་སྟོང་འབར་བའི“མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས་ཀྱང་གྲུབ་པ་རེད། “མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་ལས་ཆེན་པོ་དང་ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་དང་། ཚན་རིག་གི་སྙིང་སྟོབས་བཅས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་ཅིག་ཡིན་ཞིང་། ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་ཀྲུང་ཧྭ་མི་རིགས་ལ་གསར་གཏོད་གནང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།  མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱིས་ང་ཚོར་དུས་ནམ་ཡང་འགན་འཁྲི་ཕྲག་ཏུ་བླངས་ནས། དུས་ཚོད་ཀྱིས་མི་སྒུག་ཅིང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་། དཀའ་ཚེགས་ལ་མི་འཛེམ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་ངལ་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་བཅས་བྱེད་པར་སྐུལ་ལྕག་གནང་བཞིན་ཡོད།

མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རྒྱུན་འཛིན་བྱེད་པར། ཕུགས་བསམ་དད་སེམས་དེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་རྩ་བ་བརྟན་པོ་ཚུགས་དགོས།  མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་དང་ལས་བྱེད་པ་རེ་རེ་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚང་མས་ཕུགས་བསམ་དད་སེམས་ནི་མདུན་སྐྱོད་ཀྱི་ལམ་སྟོན་སྒྲོན་མེ་གསལ་བར་བྱེད་པ་དང་། ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པའི་ཕྱོགས་སྟོན་དུ་བཟུང་སྟེ། འབད་འཐབ་དམིགས་འབེན་དོན་གཉེར་བྱེད་པ་དང་། རང་འཁྲིའི་ལས་ཀར་འབད་བརྩོན་ལྷོད་མེད་བྱེད་པ། བླ་ན་མེད་པའི་ཀུན་སྤྱོད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། དཀའ་སྡུག་དང་ཉེན་ཁར་འགན་འཁུར་ཕོད་པ་བཅས་སུ་བསྒྱུར་དགོས་ཞེས་ནན་བཤད་གནང་ཡོད།   མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྒོ་མོ་འབྱེད་པའི་འགྱུར་ལྡོག་གསར་པ་དང་བླང་བྱ་གསར་པ་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ། རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ཁྱད་ཆོས་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ། རྒྱུན་འཛིན་སྲ་བརྟན་དང་དུས་བསྟུན་མདུན་སྐྱོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ཀྱི་ཇུས་འགོད་དང་གཙོ་གནད་འགག་སྒྲོལ་ཕན་ཚུན་གཅིག་གྱུར་ཡོང་བར་དོ་སྣང་ཆེན་པོ་བྱས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་སྦྲེལ་མཐུད་དམ་པོ་བྱེད་པ།  ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་གི་མཚོ་སྔོན་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། སྤྱི་ཡོངས་ཀྱི་བཀོད་པ། དམིགས་འབེན་གཙོ་བོ་བཅས་དང་དེ་བཞིན2035ལོའི་རྒྱང་རིང་དམིགས་འབེན་སྟངས་འཛིན་བྱས་ནས། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་ཀྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག ཁྱོན་ཡོངས་ལ་སྐུལ་འདེད་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་དང་འཕེལ་རྒྱས་ཀྱི་བླང་བྱ་གང་ལེགས་སྒོས་མཚོན་པར་བྱས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རྒྱུན་འཛིན་བྱེད་པར། ཕུགས་བསམ་དད་སེམས་དེ་ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་དགོས།  མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་མི་དམངས་བདེ་སྐྱིད་ཡོང་བར་བྱེད་པའི་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཡིན། ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ཞིང་། རླབས་ཆེན་གྱི་དམིགས་འབེན་འདི་མངོན་འགྱུར་བྱ་ཆེད་རབས་རེ་རེའི་ཀྲུང་གོ་གུང་ཁྲན་ཏང་མིས་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་རེད། ད་ལྟ་ང་ཚོས་ཚན་རིག་པ་རྒན་རབས་ཚོ་དང་འདྲ་བར་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ།  མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྨོན་བྱེད་པ་དེ་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་པའི་འབད་འཐབ་དམིགས་འབེན་དུ་འཛིན་དགོས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད། དེར་བརྟེན་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་རྒྱུན་འཁྱོངས། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས། མི་དམངས་ཀྱི་ཁེ་ཕན་རྩ་བར་འཛིན་པ་དང་། གཞི་འཛིན་སར་བྱེད་པ།  དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་དགོས། དཀའ་སྡུག་མྱོང་ཕོད་པ་དང་། འགན་འཁྲི་འཁུར་ཕོད་པ། ཉེན་ཁ་ཕྲག་ཏུ་ལེན་ཐུབ་པ་བཅས་ཀྱི་སྙིང་སྟོབས་ལྡན་པ་དང་། སེམས་ནང་ཏང་ཡོད་པ་དང་། དམངས་ཡོད་པ། འགན་འཁྲི་ཡོད་པ། ཁྲིམས་ཡོད་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས།  འགན་འཁྲི་དངོས་འབྲེལ་འཁུར་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ལས་ཕྱོད་བཟང་པོ་དང་། ཞབས་ཞུའི་རྣམ་འགྱུར། དམངས་ཀྱི་ཡིད་ཆེས་ཐོབ་ཚད་བཅས་ཀྱི་ཐོག་ནས་ལས་དོན་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་། བསམ་བློ་ཡག་པོ་དང་། བསམ་གཞིག་ཡག་པོ། ལྟ་བ་ཡག་པོ། སྤྱོད་ཚུལ་ཡག་པོ། སྲོལ་རྒྱུན་བཟང་པོ། བྱ་སྤྱོད་ཡག་པོ། གྲུབ་འབྲས་བཟང་བོ་བཅས་ཀྱི་ཐོག་ནས་ཏང་ལ་བཅངས་པའི་ལྷག་བསམ་མངོན་པར་བྱ་དགོས།

མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རྒྱུན་འཛིན་བྱེད་པར། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྔར་ལས་ལྷག་པར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།  དཀའ་སྡུག་སྣ་ཚོགས་དང་སླུ་བྲིད་སྣ་ཚོགས། ཆབ་སྲིད་ཀྱི་ཉམས་སད་གལ་ཆེན་སྣ་ཚོགས་བཅས་ཀྱི་མདུན་དུ་ཆབ་སྲིད་ཀྱི་བརྟན་ཤུགས་ཡོད་པ་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་ཚེ།  ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་ལྟར།  ཧུར་ཐག་གིས་ལས་དོན་སྤེལ་ཐུབ་པ་དང་། དཀའ་བ་སྔོན་ལ་མྱོང་བ་དང་། བདེ་བ་རྗེས་སུ་མྱོང་བ། ཐོག་མའི་བསམ་འདུན་མི་བརྗེད་པ། ལས་དོན་ཧུར་ཐག་གིས་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་དང་སྤྱོད་གཙང་རང་གཅུན་ལག་ལེན་བྱས་ནས་ཏང་གིས་སྤྲད་པའི་ལས་དོན་ཁག་ལེགས་པོ་བསྒྲུབ་ཐུབ།  བྱེ་བྲག་ཏུ་བཤད་ན། ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ལྔ་ལྡན་དགོས་པ་སྟེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཇོན་ཐང་ལྡན་པ་དང་། མང་ཚོགས་ལ་མཐུན་སྒྲིལ་དང་། གོང་བུ་གཅིག་འགྲིལ།  སྣེ་ཁྲིད་བཅས་བྱེད་པའི་འཇོན་ཐང་ལྡན་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་འཇོན་ཐང་ལྡན་པ། ཕྱོགས་ཡོངས་མཐུན་སྦྱོར་དང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ལྡན་པ། རང་འགུལ་ངང་ནས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་གསར་སྐྲུན་བྱེད་པའི་འཇོན་ཐང་ལྡན་པ་བཅས་བྱ་དགོས། ལས་ཀའི་ཐད་དུས་བསྟུན་མདུན་སྐྱོད་དང་། བློ་རྩ་བརྟན་པོས་གསར་གཏོད། རྨང་གཞི་དམ་འཛིན། སྤུས་དག་ཡོང་བར་སྐུལ་འདེད། རིམ་གྲས་མཐོ་བ། ཁྱད་ཆོས་གསར་གཏོད་བཅས་བྱ་དགོས། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་དམིགས་ཏེ། སློབ་སྦྱོང་དང་གསོ་སྐྱོང་སྦྱོང་བརྡར་སྣ་ཚོགས་བྱས་པ་བརྒྱུད། ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་གྱི་ལས་འགན་ལག་ལེན་བྱེད་པའི་སློབ་གསོ་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པ།  མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས། དམངས་སེམས་མཚོ་སྔོན་བཅོས་སྒྱུར་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་གྱུར་བྱེད་པ་དང་། མཚོ་སྔོན་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།