ལོ་རྒྱུས་འབད་པས་སྦྱངས་ནས་དོན་དངོས་སྒྲུབ། དམངས་ལ་ཁེ་བཟང་བརྩོན་པར་ཕན་འབྲས་ཐོབ།
2021.08.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

—ཀྲུང་གུང་མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་ལ་བཅར་འདྲི་བྱས་པ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་ཁུལ་གྱིས་སྐུལ་སློང་དང་བཀོད་སྒྲིག་རྒྱ་ཁྱབ་ཏུ་བྱས་ནས། དམངས་ཀྱི་ཆེད་དུ་ཏན་ཏིག་གིས་དོན་དངོས་སྒྲུབ་པ་དང་ གནད་དོན་ཐག་གཅོད་བྱས་ལ། སྤུས་ཚད་མཐོན་པོ་དང་ཚད་གཞི་མཐོན་པོས་འཆར་འགོད་དང་སྐུལ་འདེད་བྱས་ཏེ། ཁུལ་ཡོངས་སུ་ལོ་རྒྱུས་བསླབ་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབ་ནས་ཡིད་ཆེས་འཕེལ་བ། ལོ་རྒྱུས་བསླབ་ནས་སྤྱོད་བཟང་གཙིགས་འཛིན། ལོ་རྒྱུས་བསླབ་ནས་ལས་དོན་གང་ནུས་ཀྱིས་བསྒྲུབ་པ་བཅས་ཀྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར།

མིག་སྔའི་བར་དུ། ཁུལ་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་བརྗོད་དོན་ལག་ལེན་བྱ་འགུལ་ཐེངས་བཞི་བརྒྱ་གོ་ལྔ་ལྷག་དང་། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱ་འགུལ་ཐེངས་སུམ་བརྒྱ་དགུ་ལྷག་སྤེལ་བ་དང་། མང་ཚོགས་ཀྱི་དཀའ་ཁག་གནད་དོན་བརྒྱ་དང་ཉེར་དགུ་ལྷག་ཐག་གཅོད་བྱས། རྨ་སྟོད“5.22”ས་ཡོམ་བྱུང་རྗེས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་རྒྱུན་ཆད་མེད་པར་སྤྲོ་སེམས་སྐུལ་སློང་བྱེད་པ་དང་། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། དུས་ཚོད་དང་པོའི་ནང་གནོད་ཐེབས་ས་ཁུལ་དུ་བསྐྱོད་པ་དང་བློ་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་ཉེན་སེལ་རོགས་སྐྱོབ་བྱེད་པ། རྒྱུ་ལམ་དང་འབྲེལ་ལམ་མི་ཆད་པར་འགན་སྲུང་བྱེད་པ། མང་ཚོགས་བདེ་ལ་འགོད་པ། བརྟན་བརླིང་སྲུང་སྐྱོབ་སྐོར་ཞིབ་སོགས་ཀྱི་བྱ་བའི་ཁྲོད་དུ་ཞུགས་ཏེ། ཚད་རིམ་མཐོ་བའི་ས་ཡོམ་ཁྲོད་ཤི་རྨས་གཅིག་ཀྱང་མ་བྱུང་བ་དང་རྨས་སྐྱོན་བྱུང་བ་ཉུང་བའི་ངོ་མཚར་བྱས་རྗེས་བསྐྲུན།

ཉེ་ལམ། མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་བརྗོད་དོན་ལག་ལེན་བྱ་འགུལ་ལ་དམ་པོར་དམིགས་ཏེ། དངོས་འཛིན་རྣལ་སྒྲུབ་དང་དཀའ་སྤྱད་ལྷུར་ལེན་བྱས་ནས། གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས“གཉིས་རྒྱལ”ཡོང་བ་བརྩོན་ལེན་བྱས་ལ། མགོ་ལོག་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་སྣ་ཚོགས་དོན་འཁྱོལ་མཐར་ཕྱིན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་གནས་ཚུལ་གླེང་།

གསར་འགོད་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ས་དང་མིའི་སེམས་སུ་ཟུག་པ། དོན་དངོས་ཀྱི་སྟེང་དུ་འགྲོ་བར་སྐུལ་འདེད་གཏོང་བར། མགོ་ལོག་གིས་དངོས་ཡོད་ཀྱི་བྱེད་ཐབས་གང་དག་སྤྱད་པ་དང་ཕན་འབྲས་གང་དག་ཐོབ་ཡོད་དམ།

ཀྲང་ཞའོ་ཅུན་གྱིས། ཁུལ་ཏང་ཨུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། དུས་ཚོད་དང་པོའི་ནང་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ལམ་ལུགས་གཏན་འབེབས་དང་འགན་འཁྲི་གསལ་བོ་བྱས་ལ། བྱ་བའི་ལས་འགན་ཕྲ་ཞིབ་ཏུ་བཏང་ཞིང་། བསམ་བློའི་སྟེང་གི“གཅུས་གཟེར”དམ་པོར་གཅུ་བ་དང་། དངོས་འབེབས་སྟེང་གི“གཟེར་མ”སྲ་བརྟན་དུ་བརྡབས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་ཡིན།

གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཆེད་དོན་དཔྱད་གླེང་ཚོགས་འདུ་དང་གསར་བརྗེའི་སློབ་ཐུན། འཁྲབ་རའི་ཏང་གི་སློབ་ཁྲིད། སྣང་ཚུལ་ཏང་གི་སློབ་ཁྲིད། གཏན་འཇགས་ཏང་གི་སློབ་ཁྲིད་དང་དཔེ་ཀློག་འཛིན་གྲྭ་སོགས་རྣམ་པ་མང་པོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སྤེལ་བ་བརྒྱུད་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་ཆད་མེད་པར་བརྟན་པོར་བཙུགས་པ་ཡིན། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་པས་རིགས་མི་འདྲ་བའི་སློབ་སྦྱོང་བྱ་འགུལ་སྣ་ཚོགས་ཐེངས་སྟོང་གཉིས་བརྒྱད་བརྒྱ་ལྷག་སྤེལ་བ་དང་། “རྟ་ཐོག་སྒྲོག་འགྲེལ་རུ་ཁག”“སྐོར་སྐྱོད་སྦྲ་གུར”“ཏང་གི་སློབ་ཁྲིད་མགོ་བརྩམས་པ”“བྱིས་སེམས་ཏང་ལ་ཕྱོགས”སོགས་ཀྱི་གསར་བརྗེའི་གློག་བརྙན་གཏོང་བ་དང་། ཁུལ་རིམ་པའི་སྔོན་ཐོན་དཔེ་མཚོན་སྒྲོག་འགྲེལ་བྱེད་པ་དང་ཞིབ་འཇུག་རྩོམ་ཡིག་ཕྱོགས་བསྒྲིགས་པར་སྐྲུན་འགྲེམ་སྤེལ་བྱེད་པ་སོགས་གསར་གཏོད་ཀྱི་འཆར་སྒོ་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་ཤེས་བྱ་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། རྒྱུན་ཆད་མེད་པར་མགོ་ལོག་གི“གསར་བརྗེའི་རང་མདངས”ལ་ཚོན་རིས་བཀོད།

སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་དྲུག་པོས་བརྗོད་དོན་མི་འགྱུར་བ་དང་ཚད་གཞི་མི་ལྷུང་བ། ཤུགས་ཚད་མི་འཕྲི་བའི་བླང་བྱ་གཟབ་ནན་གྱིས་གཞིར་བཟུང་སྟེ། དུས་ཐོག་ཏུ་ཁུལ་ཡོངས་ཀྱི་རྫོང་དྲུག་དང་ཁུལ་ཐད་གཏོགས་སྡེ་ཁག་ང་དྲུག་ཏུ་ཟབ་ཞུགས་བྱས་ནས་སྐོར་སྐྱོད་མཛུབ་སྟོན་དང་སྐབས་བསྟུན་འཐེན་བཤེར། བརྗེ་རེས་བཞུགས་མོལ། རྒྱུ་ཆར་ལྟ་ཀློག་དང་སྐོར་ཉན་ཟུར་ཉན་བཅས་ཀྱི་རྣམ་པ་སྤྱད་དེ་སྐོར་སྐྱོད་མཛུབ་སྟོན་སྤེལ་བ་དང་། ཁྱད་ཆོས་ལྡན་པའི་ལྷང་ངེ་ས་སྔོག་འདོན་བྱེད་པ་དང་དཔེ་ལེགས་སྒྲོག་སྤེལ་བྱེད་པའི་ཐབས་ཀྱིས་ ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཁག་ཐེག་ནུས་ལྡན་བྱས།

གསར་འགོད་པས། མགོ་ལོག་ཁུལ་གྱིས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ”ཡི་ཐད་ནས། མང་ཚོགས་ཀྱི“བྲེལ་འཚུབ་དང་དཀའ་ཁག སེམས་ཁྲལ། རེ་སྒུག”བྱེད་ཀྱིན་པའི་གནད་དོན་གང་དག་འཚོལ་སྡུད་བྱས་པ་དང་། མང་ཚོགས་ཀྱི“བྲེལ་འཚུབ་དང་དཀའ་ཁག སེམས་ཁྲལ། རེ་སྒུག”བྱེད་ཀྱིན་པའི་གནད་དོན་ལ་དམིགས་ནས། གཙོ་བོ་ཕྱོགས་གང་དག་གི་བྱ་བ་བསྒྲུབས་ཏེ་མང་ཚོགས་ཀྱི“དངོས་ཡོད་དཀའ་གནད”དངོས་གནས་ཐག་གཅོད་བྱས་པ་ཡིན།

ཀྲང་ཞའོ་ཅུན་གྱིས། ང་ཚོས་ཆེས་དཀའ་ཁག་ཆེ་བའི་མང་ཚོགས་ནས་མགོ་རྩོམ་པ་དང་ཆེས་འབུར་དུ་ཐོན་པའི་གནད་དོན་ནས་འཛིན་པ། ཆེས་དངོས་ཡོད་ཀྱི་དགོས་མཁོ་ནས་མགོ་རྩོམ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ”ཡི་ལག་ལེན་བྱ་འགུལ་ཁྲོད་ནས་མང་ཚོགས་ཀྱི“བྲེལ་འཚུབ་དང་དཀའ་ཁག སེམས་ཁྲལ། རེ་སྒུག”བྱེད་ཀྱིན་པའི་གནད་དོན་སྐོར་ཞིག་ལེགས་འདེམས་སྐུལ་སྒྲུབ་བྱས་པ་དང་། དམིགས་འབེན་བླང་བྱ་ངེས་གསལ་དང་བྱ་བའི་ལས་འགན་ནན་བཅགས་བྱེད་པ། གཞི་རིམ་གྱི་དཀའ་ཁག་ཆེ་བའི་བྱ་བ་དང་མང་ཚོགས་ཀྱི་སེམས་ཁ་དཀྲུག་པའི་བྱ་བ་དངོས་གནས་ཐག་གཅོད་བྱས་ཏེ། བརྗོད་དོན་ལག་ལེན་གྱི་ཕན་འབྲས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་ལས་འགན་ཧུར་ཐག་གིས་ཞིབ་དཔྱད་ར་སྤྲོད་བྱས་པ་ཡིན།

ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བྲེལ་བསྟུན་དོ་དམ་སྡེ་ཁག་གིས་ནགས་རྩྭ་དང་ཞིང་ཕྱུགས། མི་རིགས་ཆོས་ལུགས། མེ་སྐྱོན་འགོག་གསོད་དང་སྤྱི་བདེ་སོགས་སྡེ་ཁག་གིས་རང་འགུལ་གྱིས་རྩ་འཛུགས་དང་མཐུན་སྦྱོར་བྱས་ནས། ཆུ་རྒྱས་པའི་དུས་སྐབས་ཀྱི་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱ་བ་སྤེལ། ཁུལ་སྤྱི་བདེ་ཅུའུ་ཡིས“གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་བྱེད་ཐབས་ཟབ་སྤེལ་བྱས་ནས། “དམངས་ལ་སྟབས་བདེ་དང་ཁེ་བཟང་བསྐྲུན་པའི་ཞབས་ཞུའི་ས་ཚིགས”དང་། སྦྲེལ་དྲའི་སློབ་སྦྱོང་སློབ་གསོའི་སྟེགས་བུ་གསར་དུ་བཙུགས་པ་དང་། ཁ་ལོ་པའི་ཞིབ་བཤེར་རྩིས་ལེན་སློབ་གསོ་དང་ཧྲིལ་སྐར་སློབ་གསོའི་དྲ་ལམ་རེ་ཞུ། དྲ་ཐོག་ནས་དཔང་ཡིག་ངོས་འཛིན་བྱེད་པ་བཅས་ལག་བསྟར་བྱས་ཏེ། མང་ཚོགས“སྤྱི་ལེ་གཅིག་ལ་ཉུང་དུ་རྒྱུག”ཆོག་པར་བྱས། མིག་སྔའི་བར་དུ། “དམངས་ཕན་ཞབས་ཞུ་ས་ཚིགས”ཀྱིས་བསྡོམས་པས་ལས་སྒོ་བཞི་བརྒྱ་ཞེ་གཅིག་བསྒྲུབས་པ་དང་། དེས་ཁུལ་ཡོངས་ཀྱི་སྤོ་བསྒྱུར་གཞི་གྲངས་ཀྱི་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་གསུམ་བརྒྱད་ཟིན་ལ། མང་ཚོགས་ཁྲི་གསུམ་ལ་ཁེ་བཟང་བསྐྲུན། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁུལ་སློབ་གསོ་ཅུའུ་ཡིས་མཉམ་འབྲེལ་སྒོས་སློབ་གྲྭའི་དགེ་སློབ་ལ་འདུས་འདྲིལ་གཅོང་ནད་ཀྱི་འདེམས་བཤེར་བྱ་བ་སྤེལ་ཏེ། རྒྱ་ཆེའི་དགེ་སློབ་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་ནུས་ལྡན་བྱས། མིག་སྔའི་བར་དུ། དགེ་སློབ་སུམ་སྟོང་བཞི་བརྒྱ་དོན་བཞི་ལ་འདེམས་བཤེར་བྱས་ཤིང་། འདེམས་བཤེར་བྱེད་ཚད་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་བདུན་བརྒྱད་ལ་སླེབས།

གསར་འགོད་པས། རྗེས་ཕྱོགས། མགོ་ལོག་ཁུལ་གྱིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ས་དང་དོན་དངོས་ཀྱི་སྟེང་དུ་འགྲོ་བར་ཇི་ལྟར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་དགོས་མཁོ། དམངས་སེམས་ཀྱི་གཏད་སོར་གནད་དུ་ཁེལ་བར་སྦྲེལ་མཐུད་བྱས་ནས། དོན་དངོས་སྒྲུབ་པ་དང་རྣམ་པ་གསར་པ་ཇི་ལྟར་བཏོད་རྒྱུ་ཡིན།

ཀྲང་ཞའོ་ཅུན་གྱིས། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བྱེད་ཐབས་གསར་གཏོད་དང་ཐབས་ལམ་རྒྱ་བསྐྱེད་དེ། བསླབས་པ་གཏིང་ཟབ་དང་རྟོགས་པ་ལག་ལེན་སྟེང་འདེབས་ཅི་ཐུབ་ལ་ཤུགས་སྣོན་པ་དང་། ལག་ལེན་གྱི་གྲུབ་འབྲས་སྤྱད་དེ་སློབ་སྦྱོང་གི་ཕན་འབྲས་ཧུར་ཐག་གིས་ཞིབ་དཔྱད་ར་སྤྲོད་བྱེད་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་དུས་སྐབས་གསར་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བར། ཞིང་ཆེན་དང་ཁུལ་གྱི་སྔོན་ཐོན་དཔེ་ལེགས་ཀྱིས་མངོན་པར་མཚོན་པའི“ཏང་ལ་བློ་དཀར་བའི་ཀུན་སྤྱོད་རླབས་ཆེན་ལ་སྤྱི་བཀུར་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱོད་བཟང་ལ་སྤྱི་བཀུར། རང་ཉིད་ནན་གཅུན་བྱེད་པའི་གཤིས་སྤྱོད་ལ་སྤྱི་བཀུར”བྱེད་པ་བཅས་ཀྱི་འོད་སྟོང་འབར་བའི་བྱ་གཞག་དང་དུས་རབས་ཀྱི་མིག་དཔེ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་བྱ་བ་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།