--མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐིན་ཀྲང་ཀྲང་ཧྲི་ཧྥིན་ལ་བཅར་འདྲི་བྱས་པའི་གནས་ཚུལ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐིན་ཀྲང་ཀྲང་ཧྲི་ཧྥིན་གྱིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཆུ་བེད་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱ་རྒྱུ་ནི་ཆུ་བེད་སྡེ་ཁག་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་དང་དམངས་ཚིས་བདེ་སྐྱིད་བསྐྲུན་པའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཡིན་ཞིང་། ཞིང་ཆེན་ཆུ་བེད་ཐིན་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ“ངས་མང་ཚོགས་ལ་དངོས་དོན་བསྒྲུབ་རྒྱུ”དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གཙོ་གནད་དུ་བཟུང་ནས། ཆུ་བེད་ལས་རིགས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག རེ་སྒུག་བཅས་ལ་དམིགས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་ཀྱི་དོན་དངོས་ཁག10ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཆུ་བེད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན།
གསར་འགོད་པས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་དར་སྤེལ་ དང་འབྲེལ་མཐུད་ལེགས་པོ་བྱེད་པར་ཞིང་ཆེན་ཆུ་བེད་ཐིན་གྱིས་ལས་དོན་གང་དག་བསྒྲུབས་ཡོད་ཞེས་དྲིས་པར།
ཀྲང་ཧྲི་ཧྥུན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་མི་ས་ཡ་གཉིས་འབུམ་དྲུག་ལྷག་གི་འཐུང་ཆུའི་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་བ་དང་དབུལ་ཕོངས་མི་གྲངས་འབུམ་གསུམ་ལྷག་གི་འཐུང་ཆུའི་བདེ་འཇགས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཡོད། ཆུ་བེད་ཀྱིས་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་དང་འགན་ལེན་གལ་ཆེན་བྱས་ནས་དུས་བཅད་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་མཐུན་རྐྱེན་འདོན་སྤྲོད་བྱས་ཡོད།
བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩ་འདིར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་བའི་མདུན་དུ། ཞིང་ཆེན་ཆུ་བེད་ཐིན་ཏང་ཙུའུ་ཡིས་རང་འགུལ་ངང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཞིབ་འཇུག་བཀོད་སྒྲིག་ལ་ཤུགས་སྣོན་དང་། རྩ་འཛུགས་སྒྲིག་གཞི་ཁ་གསལ་བཟོ་བ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བཅས་བྱས་ནས་བྱེད་ཐབས་དང་ཇུས་གཞི་གཏན་འཁེལ་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་བརྒྱུད་ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ་ཡིས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་གཉིས་དོན་འཁྱོལ་བྱས་པ་དང་། ཏ་ཐུང་རྫོང་པའོ་ཁུའུ་ཞིང་ཆུ་འདྲེན་ཁུལ་དང་། ཧྲི་ཧྲན་ཞིང་ཆུ་འདྲེན་ཁུལ། ཧུའུ་ཀྲུའུ་རྫོང་ཧྲོང་ཧྲུའུ་ནུབ་ཕྱོགས་ཆུ་ཡུར་དང་། ཐའེ་ཙེ་ཤར་ཕྱོགས་ཆུ་ཡུར་སོགས་ཞིང་ཆུ་འདྲེན་ཁུལ་འབྲིང་གྲས6རྗེས་མཐུད་འཛུགས་སྐྲུན་ཆ་ཚང་དང་ཆུ་གྲོན་ཆུང་སྒྱུར་བཀོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ལས་གཞི་ལེགས་འགྲུབ་བྱུང་རྗེས་ཞིང་ཆུ་འདྲེན་པའི་གཞི་ཁྱོན་སྤྱི་ཆིང་སྟོང་གསུམ་སུམ་བརྒྱ་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ལས་གཞིའི་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་ཏུ་གཏོང་ཐུབ།
རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཆུ་བེད་བཅོས་སྐྱོང་གི་མ་དཔེ་བསྐྲུན་པར་དམིགས་ནས། ཧོང་ཀྲུང་ཆུས་ཀྱི་ཆུ་རྒྱུད་འབྲེལ་མཐུད་དང་ཆུ་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཞུང་ཧྭ་རྫོང2021ལོའི་རྒྱལ་ཡོངས་ཀྱི་ཆུ་རྒྱུད་འབྲེལ་མཐུད་དང་ཆུ་མཛེས་ཞང་གྲོང་འཛུགས་སྐྲུན་ཚོད་ལྟའི་རྫོང་གི་མིང་གཞུང་དུ་བཀོད་ནས། ཆུ་ལོག་སྔོན་འགོག་དང་། ཆུ་མཁོ་འདོན། འཁྱིལ་ཆུ་ཕྱིར་འབུད། སྐྱེ་ཁམས། ཡུལ་ལྗོངས་སོགས་ནུས་པ་མང་པོ་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་མཚེའུ་གཅིག་གྱུར་གིས་བཅོས་སྐྱོང་བྱས་ནས། ཆུ་མཛེས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།
ད་ལོའི་ཚུན་ལ། ཞིང་ཆེན་ཆུ་བེད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་ལོ་ནང་དུ་ཉེན་ཁ་ཆེ་བའི་ཆུ་མཛོད9དང་ཉེན་ཁ་ཆེ་བའི་ཆུ་རགས16གི་ཉེན་ཁ་སེལ་ནས་སྲ་བརྟན་དུ་བཏང་བ་དང་། ཆུ་མཛོད113ཉམས་གསོ་དང་བདག་སྐྱོང་བྱས། རྨ་སྟོད་རྫོང་གི“5·22”ས་ཡོམ་གྱི་གནོད་འཚེར་ཁ་གཏད་བཅག་ནས་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་ཆུ་མཛོད་ཀྱི་ཆུ་རགས་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱས་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་ཞིང་། དེང་རབས་ཀྱི་ཆུའི་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཡོད་ཟེར།
གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ཁྲོད་དངོས་ཕན་གྱི་བྱེད་ཐབས་གང་དག་ཡོད་དམ་ཅེས་དྲིས་པར།
ཀྲང་ཧྲི་ཧྥིན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱ་རྒྱུ་ནི ་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན། ཞིང་ཆེན་ཆུ་བེད་ཐིན་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་འདྲེས་བྱ་རྒྱུ་དང་། ཆུ་ཁོངས་དང་མཚོ་ངོགས་དོ་དམ་ཚོད་འཛིན་དང་། ཆུ་ལམ་བྱེ་འདོན་དོ་དམ། གཙང་པོ་དང་མཚེའུ་ཡི་མི་གཙང་བ་བཞི་གཙང་སེལ་བྱེད་པ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་སོགས་ཀྱི་གཙོ་གནད་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཏེ། མི་དང་ཆུ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཞིང་ཆེན་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ཁང་དང་མཉམ་དུ་མ་ཡུམ་ཆུ་བོ་སྲུང་སྐྱོབ་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པ་དང་། གཙང་པོ་དང་མཚེའུ་ཡི་གད་སྙིགས་ཆེད་དོན་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་སྤེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱེད་པའི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་འཁུར་ཡོད། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་པེན་ཧི་བྱང་ལམ་གྱི་ཕྱོགས་བསྡུས་སྦུག་ལམ་ལས་གཞིའི་ལོ་རྒྱུས་ཤུལ་བཞག་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ས་གནས་ཀྱིས་བཅོས་སྒྲིག་ཇུས་གཞི་གཏན་འཁེལ་བྱེད་པར་སྐུལ་འདེད་བཏང་ནས། ཆུ་ལམ་སྨི1091བཅོས་སྐྱོང་དང་། ཆུ་ལོག་འགོག་རགས་སྨི783བཅོས་སྒྲིག ཆུ་ལོག་འགོག་རགས་སྨི1231བསྐྲུན་པ་མ་ཟད། ཆུ་བོ་དྭངས་ཤིང་གཙང་ལ་ཡུལ་ལྗོངས་མཛེས་པའི་ཆུའི་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས།
རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ས་ཆུ་ཤོར་བའི་སྐྱེ་ཁམས་བཅོས་སྐྱོང་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་། མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་བརྒྱད་དོན་འཁྱོལ་བྱས་ཏེ། ཏ་ཐུང་དང་། ལོ་ཏུའུ། ཁྲི་ཀ་སོགས་རྫོང17ལ་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན28ལག་བསྟར་བྱས་ཤིང་། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ344.39བཅོས་སྐྱོང་བྱས་པ་དེས་ལོ་འཁོར་དམིགས་ཚད་ཀྱི་བརྒྱ་ཆའི་བརྒྱ་དང་བཅུ་བཞི་ལྷག་ཟིན་ཡོད། འབབ་རྒྱུད་ཆུང་གྲས་དང་སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་དར་སྤེལ། འདེབས་འཛུགས་གསོ་སྤེལ་བཅས་ཟུང་དུ་འབྲེལ་བའི་འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་གི་སྤུས་ལེགས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་སྐུལ་ འདེད་བཏང་བ་དང་། འབབ་རྒྱུད་ཆུང་གྲས་གཙོ་བོ་ཡིན་པའི་ས་ཆུ་ཤོར་བ་ཕྱོགས་བསྡུས་འགོག་བཅོས་མ་ལག་བཙུགས་ནས་འདམ་ཟེགས་ཆུ་བོར་བཞུར་བ་ཚོད་འཛིན་ལེགས་པོ་བྱས་ཏེ། སྐྱེ་ཁམས་སྲུང་ཡོལ་ཇེ་བརྟན་དུ་བཏང་ཡོད། ས་གནས་ཁག་གིས་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རིམ་བསགས་ཀྱིས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི726དང་ས་ཆུ་སྲུང་འཛིན་གྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན1298བཅོས་སྒྲིག་བྱས་ཡོད། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་ཁག273ཡོངས་འགྲུབ་བྱས་པ་དང་། མིས་བཟོས་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ89.25ནུས་ཡོད་སྒོས་འགོག་བཅོས་བྱས་ཤིང་། ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་བརྒྱད་བསྡུ་ལེན་བྱས་ཡོད།
གཞན་ཡང་ཞིང་ཆེན་ཆུ་བེད་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་བཟོ་སྐྲུན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། བཟོ་སྐྲུན་འཛུགས་སྐྲུན་གྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་བཟོ་སྐྲུན་འཛུགས་སྐྲུན་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་འགོད་ཀྱི་སྙིགས་རོ་དོར་ཡུལ76བཅོས་སྒྲིག་བྱས་པ། རྩྭ་འདེབས་ལྗང་བསྒྱུར་སྤྱི་ཆིང120ཡོངས་འགྲུབ་བྱས་པ། ལྗོན་ཤིང་སྣ་ཚོགས་ཁྲི་བཞི་ལྷག་བཙུགས་པ་བཅས་བྱས་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་བཟོ་སྐྲུན་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ཡོད་ཟེར།
གསར་འགོད་པས་གོམ་སྟབས་རྗེས་མར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཆུ་བེད་ཐིན་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་སྐབས་ད་དུང་ལས་དོན་བཀོད་སྒྲིག་གང་དག་བྱས་ཡོད་ཅེས་དྲིས་པར།
ཀྲང་ཧྲི་ཧྥིན་གྱིས་བཤད་རྒྱུར། ཆུ་བེད་ཀྱི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དེ་ནི་ཆུ་བེད་ལས་དོན་འཕེལ་རྒྱས་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་དང་རྩ་བའི་གནས་ས་ཡིན། ཞིང་ཆེན་ཆུ་བེད་ཐིན་གྱི་ཏང་ཙུའུ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། མཚོ་སྔོན་གྱི་ཆུའི་གནས་བབ་ལ་གཞི་ཚུགས་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པར་རྩེ་གཅིག་ཏུ་དམིགས་པ་བཅས་བྱས་ཏེ། དོན་དངོས་ཡག་པོ་སྒྲུབ་པ་དང་དོན་དངོས་ནན་ཏན་སྒོས་བསྒྲུབས་ནས་མི་དམངས་མང་ཚོགས་ལ་སྔར་ལས་མང་བའི་ཆུ་བེད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཡོད་པར་བྱ་རྒྱུ་ཡིན་ལ། འགན་འཁྲི་གསལ་བོ་བྱས་ནས་འཕེལ་རིམ་དམ་འཛིན་བྱེད་པ་དང་། འགོ་ཁྲིད་གཙོ་བོས་དམ་འཛིན་བྱེད་པ་དང་ཁག་བགོས་དོ་དམ་ འགོ་ཁྲིད་ཀྱིས་བྱེ་བྲག་ཏུ་དམ་འཛིན་བྱེད་པའི་བྱ་བའི་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ། བྱེ་བྲག་གི་འགན་འཁྲིའི་མི་སྣ་འཐབ་ཕྱོགས་དང་པོར་བསྐྱོད་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་གསལ་བོ་བྱས་ཏེ། དུས་བཅད་ལྟར་ལས་གཞིའི་འཕེལ་རིམ་དང་དེ་བཞིན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས། དུས་བཀག་དང་དུས་ཚིགས་ལྟར་ལས་འགན་ ཡོངས་འགྲུབ་བྱེད་པར་འགན་ལེན་བྱེད་པ་དང་། བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྤུས་ཚད་དམ་འཛིན་དང་། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་གཙོ་གནད་མཁྲེགས་གཏོར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་། ལས་གཞིའི་ཁྲིམས་ཚབ། བཟོ་སྐྲུན་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་བྱེད་པ། བཟོ་སྐྲུན་གྱི་སྤུས་ཚད་དང་བཟོ་སྐྲུན་གྱི་ཕན་འབྲས་འགན་ལེན་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་ཐུག་པའི་དོན་དངོས་དང་དོན་བཟང་ཡག་པོར་སྒྲུབ་པ་དང་། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བྱེད་པ། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་དུས་བཅད་ལྟར་ཞིབ་བཤེར་དང་མང་ཚོགས་ལྟ་སྐུལ་པས་རྒྱུན་དུ་ལྟ་སྐུལ་བྱེད་པའི་བྱ་བའི་བྱེད་ཐབས་སྔར་བས་དོན་འཁྱོལ་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་ནང་དོན་དང་། སྤུས་ཚད། ཕན་འབྲས་བཅས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་རྒྱུ་ཡིན། རྐྱེན་སྲོལ་བཙུགས་ནས་ཕུགས་ལ་དམ་འཛིན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཉམས་མྱོང་དང་གསར་སྐྲུན་བྱེད་ཐབས་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་དང་བསྡུ་ལེན་བྱས་ཏེ། ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ་དང་། ཏང་ཀྲི་པུའུ་ཡིས་བསྒྲུབ་རྒྱུ་ཁས་ལེན་བྱེད་པ། ཏང་ཡོན་གྱིས་རང་འཁྲིའི་ལས་གནས་སུ་གཞི་ཚུགས་ནས་བྱས་རྗེས་འཇོག་པ། ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་དང་། ཏང་ཡོན་སྡེ་ཁུལ་དུ་སྐྱོད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་འགྲོ་ལམ་སྟེང་ཡག་པོར་སྐྱོད་པར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།