མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དོན་དངོས་མང་པོ་བསྒྲུབ་དགོས།
2021.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 189

 --ཧེ་ཡན་རྫོང་གིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ཧེ་ཡན་རྫོང་གི་ལས་ཁུངས་དང་སྡེ་ཁག་སོ་སོས་གཙོ་གནད་ལས་གཞི་ཁག་ཅིག་ལ་སྐུལ་འདེད་དང་། དམངས་ཚིས་དོན་དངོས་ཁག་ཅིག་སྒྲུབ་པ། ཡིག་སྐུར་ངོ་བཅར་གྱི་གནད་དོན་ཁག་ཅིག་ཐག་གཅོད། གཞི་རིམ་རྩ་འཛུགས་ཁག་ཅིག་སྟོབས་ཆེར་གཏོང་བ་སོགས“ཁག་ཅིག་བཞི”ཡིས་སྣེ་ཁྲིད་བྱས་ཏེ།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་དོན་དངོས་སྒྲུབ་པ་དང་འགོ་རྩོམ་ས་གསར་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། དམངས་ཆེད་དུ་དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་གནད་སེལ་བའི་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལས་དོན་སྤེལ་བའི་ཚུན་ལ། ཧེ་ཡན་རྫོང་སྤྱི་བདེ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ།     དོན་དངོས་དང་དོན་བཟང་སྒྲུབ་པ་དང་ དཀའ་གནད་སེལ་བ་བཅས་གཞི་འཛིན་སར་བརྩིས་ཏེ།  མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཆབས་ཅིག  དམངས་ཕན་ཞབས་ཞུའི་བྱེད་ཐབས་བཞི་བཏོན་པ་དང་།   “ལྗང་མདོག་བགྲོད་ལམ”གྱི་ཞབས་ཞུའི་སྐར་ཁུང་བཙུགས་པ།  སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཁྱིམ་ཐོའི་བྱེད་སྒོ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་བྱེད་སྒོའི་རེ་འདུན་ཞུ་ཡིག་སོགས་དྲ་ཐོག་ནས་སྒྲུབ་ཆོག་པར་བྱས་ཏེ།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཇུག་མཐའི་སྤྱི་ལེ་གཅིག་གི་རྣམ་པ་མངོན་འགྱུར་བྱས་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་བ་དང་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཧེ་ཡན་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད།   འཕྲོད་བསྟེན་བདེ་ཐང་མི་སྣ་བརྒྱ་ཡིས་དོན་དངོས་བརྒྱ་སྒྲུབ་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།  ཧེ་ཡན་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ཀྱི་ཏང་ཡོན་རྒན་པ་དང་དེ་བཞིན་ཏང་ཡོན་དབུལ་པོ70ལྷག་རྩ་འཛུགས་བྱས་ནས་སྨན་རིན་མི་ལེན་པར་ལུས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་བ་རེད།

“ཁྱེད་ལ་ཁྲག་ཤེད་མཐོ་བའི་ནད་བྱུང་ནས་ལོ་ཅི་ཙམ་འགོར་སོང་”།    “ཉེ་ལམ་ཁྲག་ཤེད་ལ་ཚད་འཇལ་བྱེད་མྱོང་ངམ།”    སྨན་རིན་མི་ལེན་པར་ལུས་པོར་བརྟག་དཔྱད་བྱེད་པའི་ཡུལ་དངོས་སུ།  ཧེ་ཡན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་ཏང་ཡོན་རྒན་པ་ཚང་མར་ཁྲག་ཤེད་དང་ཁྲག་ཧྭགས་སོགས་ཀྱི་དམིགས་ཚད་ལ་ཞིབ་བཤེར་ལེགས་པོ་བྱས་པ་དང་ཆབས་ཅིག ཁོ་ཚོའི་བདེ་ཐང་གནས་ཚུལ་ཞིབ་མོར་དྲིས་ནས་བདེ་ཐང་ཡིག་ཚགས་བཟོས་པ་དང་།  ད་དུང་ཁོ་ཚོར་བདེ་ཐང་ཤེས་བྱ་དང་། ནད་རིགས་སྔོན་འགོག  ལུས་པོ་བདེ་སྲུང་སོགས་ཀྱི་ཐད་ལ་མཛུབ་སྟོན་བྱས་པར་མ་ཟད། བཟའ་བཏུང་དང་སྦྱོང་བརྡར་སོགས་ཀྱི་ཐད་ལ་གྲོས་གཞི་བཏོན་པ་རེད།

ལུས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་སྐབས། ཏང་ཡོན་རྒན་པར་དྲོད་ཁོལ་དང་གཅེས་སྐྱོང་གང་ལེགས་གནང་བར་མ་ཟད། རྒྱ་ཆེའི་ཏང་ཡོན་རྒན་པར་གུང་ཁྲན་ཏང་མིའི་རང་མདངས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུའི་སྐུལ་ལྕག་གནང་བ་དང་དུས་རབས་གསར་པའི་རྒྱ་ཆེའི་ཏང་ཡོན་ཚོར་རང་རྟོགས་ངང་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།

ད་ལོར་ལོ78ལ་སླེབས་པའི་ཏང་ཡོན་རྒན་པ་ལོས་ཅིན་ལུའུ་ཡིས་ལུས་པོར་བརྟག་དཔྱད་བྱེད་པའི་ཡུལ་དངོས་ནས“འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་རྩ་འཛུགས་བྱས་ནས་སྨན་རིན་མི་ལེན་པར་ལུས་པོར་བརྟག་དཔྱད་བྱས་པ་དེ་ཐོག་ནས་རྩ་འཛུགས་ཀྱིས་ང་ཚོར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་མཚོན་པ་དང་། ང་ཚོར་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་དུ་བཅུག་པས། ང་ཚོས་ཏང་ཡོན་རྒན་པའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་ཡིན་ཞེས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་བྱུང་།

“ང་ཚོའི་སྡེ་བའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཟིན་པས་འཐུང་ཆུའི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས།  ཟླ11ཚེས29ཉིན། ཧེ་ཡན་རྫོང་ཅིན་ཐན་ཡུལ་ཚོ་ཚང་ཁའེ་སྡེ་བའི་སྡེ་མི་ཐུན་ཀོས་ལན་གྱིས་ཧེ་ཡན་རྫོང་གི་རོང་འབྲོག་ཁུལ་གྱི་གཅིག་སྡུད་འཐུང་ཆུའི་བཟོ་སྐྲུན་གྱིས་ང་ཚོའི་རྒྱུན་ལྡན་གྱི་འཚོ་བར་སྟབས་བདེ་ལེགས་པོ་བསྐྲུན་ཡོད་ཅེས་བཤད།

ཚང་ཁའེ་སྡེ་བ་ནི་ཧེ་ཡན་རྫོང་གི་ཤར་རྒྱུད་དུ་གནས་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ15ཡོད་ལ།  སྡེ་བ་ཡོངས་ཀྱིས་ཕྱུགས་ལས་གཙོ་བོ་གཉེར་ཀྱི་ཡོད།  ཉེ་བའི་ལོ་ཤས་རིང་སྡེ་བའི་མི་ཕྱུགས་གཉིས་ཀའི་འཐུང་ཆུའི་གནད་དོན་ཉིན་བཞིན་མངོན་གསལ་དུ་གྱུར་ ནས།  ཆུ་ཁུངས་མི་འདང་བ་སོགས་འཐུང་ཆུའི་གནད་དོན་གྱིས་སྡེ་མི་རྣམས་ལ་དཀའ་ཁག་ཆེན་པོ་བཟོ་བཞིན་ཡོད་པ་རེད།

ད་ལོ་ནས་བཟུང་། ཧེ་ཡན་རྫོང་གིས་རོང་འབྲོག་ཁུལ་གྱི་གཅིག་སྡུད་འཐུང་ཆུའི་བཟོ་སྐྲུན་ལ་བརྟེན་ནས་ཚང་ཁའེ་སྡེ་བའི་ཆུ་མཁོ་འདོན་མ་ལག་བསྒྱུར་བཀོད་རིམ་སྤོར་བྱས་པ་དང་།  ཆུ་སྦུག་གས་པ་དང་ལོ་མང་ཉམས་གསོ་བྱེད་མ་ཐུབ་པའི་ཆུ་སྦུག་ཞིག་གསོ་བྱས་ནས། ཚང་ཁའེ་སྡེ་བའི་ཆུ་བཀོལ་སྤྱོད་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད།

“ད་ལྟ་ཁྱིམ་ཚང་ཚང་མ་དང་ཕྱུགས་རིགས་གསོ་སྤེལ་ར་བ་ཚང་མར་ཆུ་འཐེན་ཡོད་པས།  སྡེ་མི་ཚོས་འཐུང་ཆུའི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས” ཞེས་ཚང་ཁའེ་སྡེ་བའི་སྡེ་མི་ཚོས་བསྟོད་པའི་མཐེ་བོང་བསྒྲེངས་ཞོར་དུ་དེ་ལྟར་བཤད་བྱུང་།

ཧེ་ཡན་རྫོང་ཞིང་ཕྱུགས་ཚན་རྩལ་ཆུ་བེད་དང་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་སུང་ལུང་ཉན་གྱིས་བཤད་རྒྱུར།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་།   རྫོང་ཞིང་ཕྱུགས་ཚན་རྩལ་ཆུ་བེད་དང་གྲོང་གསེབ་དར་སྤེལ་ཅུས་ཀྱིས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དོ་དམ་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བ་དང་།  གཞི་རིམ་ལ་ཞབས་འདེགས་ཞུ་བའི་ལག་ལེན་བྱེད་སྒོ་མུ་མཐུད་དུ་སྤེལ་ནས། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་།  ལྷག་པར་དུ་ཆུ་ཁུངས་ཀྱི་ཆུ་མི་འདང་བའི་གནད་དོན་ཐག་གཅོད་དང་།  སྦུག་ལམ་རྙིང་བ་ཉམས་གསོ་བཅས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱས་ཡོད་ཟེར།

མིག་སྔའི་བར་ཧེ་ཡན་རྫོང་གིས་རོང་འབྲོག་ཁུལ་གྱི་གཅིག་སྡུད་འཐུང་ཆུའི་བཟོ་སྐྲུན63བསྐྲུན་ཡོད་པ་དང་།    ཧེ་ཡན་རྫོང་གི་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མི་གྲངས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ཚད100%དང་། འཐུང་ཆུ་ཁྱབ་གདལ་གཏོང་ཚད100%།   ཆུའི་སྤུས་ཚད100%བཅས་ཟིན་ཡོད་པ་རེད།

ཧེ་ཡན་རྫོང་གིས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་འཕྲལ་བསྟུན་ཉམས་གསོའི་བཀོད་གཏོང་ཁ་པར་བཙུགས་ནས། དུས་ཚོད24རིང་མང་ཚོགས་ཀྱི་ཆུ་མཁོ་འདོན་ གནད་དོན་ཐད་ཀྱི་ཁ་པར་ལ་སྣེ་ལེན་བྱས་ཏེ།  རོང་འབྲོག་མང་ཚོགས་ཀྱི་ཆུ་མཁོ་འདོན་ལ་དུས་ཐོག་ཏུ་འགན་ལེན་བྱས་ཡོད།  སུང་ལུང་ཉན་གྱིས་བཤད་རྒྱུར། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་ལ། ཧེ་ཡན་རྫོང་ཞིང་ཕྱུགས་ཚན་རྩལ་ཆུ་བེད་དང་གྲོང་གསེབ་དར་སྤེལ་ཅུས་ཀྱིས་དོན་དངོས་དང་དོན་བཟང་བསྒྲུབས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།     སྐྱིད་སྣང་།  བདེ་སྣང་བཅས་སྔར་ལས་མཐོ་རུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།