རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚེས་གསུམ་ཉིན་པེ་ཅིང་དུ་ཐོན།
2022.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་གསུམ་པའི་ཚེས་གསུམ་ཉིན་བདེ་བླག་ངང་པེ་ཅིང་དུ་ཐོན།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཡིན། གྲོས་ཚོགས་སྔོན་དུ། ཨུ་ཡོན་ཚོས་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། གཞི་རིམ་དུ་བསྐྱོད་པ་དང་རྟོག་ཞིབ་རྒྱ་ཆེར་བྱས་པ་དང་། གྲོས་གཞི་གྲ་སྒྲིག་ཞིབ་མོ་བྱས་ཏེ། གྲོས་ཚོགས་བཟང་བོར་བསྒྲུབ་པའི་ཐད་གྲ་སྒྲིག་གང་ལེགས་བྱས།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞིན་ཀྲན་ཞུང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། ང་རང་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་ཀྱིས་བཀོད་སྒྲིག་བྱས་པའི་རྟོག་ཞིབ་བྱ་འགུལ་ཁྲོད་ཞུགས་ནས། ཡིག་ཆ་དང་པོར་རྒྱུས་ལོན་བྱས་པ་དང་། རང་སྟེང་གི་བྱ་བར་ཟུང་འབྲེལ་བྱས་ལ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་དམིགས་ཏེ། མཚོ་སྔོན་གྱི་ནུས་ཟད་ཟུང་སྡོམ་དམིགས་ཚད་ལེགས་སྒྲིག་དང་གློག་ཤུགས་ཚོང་རའི་ཉོ་ཚོང་སོགས་ཕྱོགས་ཀྱི་གྲོས་གཞི་་རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་ཁྱེར་ཡོང་བ་དང་། མཚོ་སྔོན་གྱི་བཟོ་ལས་འཕེལ་རྒྱས་ཐད་རང་ཉིང་ཀྱི་སྟོབས་ཤུགས་འདོན་འདོད་ཡོད།

ཨུ་ཡོན་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་བསྡུ་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བཟང་བོར་བསྡུ་བའི་སྐོར་གྱི་བཀོད་སྒྲིག་རེ་བ་སྣ་ཚོགས་སྟེང་གཅིག་གྱུར་བྱེད་པ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པར་འཛིན་པ། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ། མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་སེམས་རྒྱ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་དང་ཡར་སྐྱེད་ཀྱི་སྙིང་སྟོབས་རྣམ་འགྱུར་ལ་བརྟེན་ནས་གྲོས་ཚོགས་བཟང་བོར་བསྡུ་དགོས། གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། གྲོས་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པ། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་དང་མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་བློ་འདོན་ཤུགས་འབུལ་བྱེད་པ་དང་། ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས།

རིན་ཆེན་མཚོས་བསྒྱུར།