རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར་བསྡུས་ཤིང་། ཕན་འབྲས་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡོང་ཆེད། ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དྲ་ལམ་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་བསྡུས།
ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝའེ་མེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུ་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་གྲོས་ཚོགས་ཐེངས་ལྔ་བ་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་དྲུག་རེད།
ཀའོ་ཝའེ་མེན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་དུ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་རྩོམ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། རང་འགན་གཙང་ལེན་གྱིས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་བྱ་བར་ཕན་འབྲས་ཆེན་པོ་ཐོབ།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པས་ད་དུང་ཀྲུང་གོའི་དཔལ་འབྱོར་དང་ཕྱི་ཕྱོགས་ཉོ་ཚོང་གི་གནས་བབ། རིམས་ནད་སྔོན་འགོག་ཚོད་འཛིན། ལས་ཞུགས་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
བན་དེ་སྐྱབས་ཀྱིས་བསྒྱུར།