རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་མཚོ་སྔོན་མི་དམངས་ཀྱི་མངག་བཅོལ་དང་རེ་སྒུག་ཁྱེར་ནས་ཟླ་གསུམ་པའི་ཚེས་གསུམ་ཉིན་པེ་ཅིང་དུ་ཐོན་པ་མ་ཟད། གྲོས་ཚོགས་ལ་མིང་ཐོ་བཀོད།
ད་ལོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྒྱབ་ལྗོངས་འོག་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། གྲོས་ཚོགས་སྔོན་དུ། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱས་པ་དང་གྲོས་གཞི་གྲ་སྒྲིག་ནན་མོ་བྱས་ཏེ། ཐེངས་འདིའི་གྲོས་ཚོགས་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་འཚོལ། འབད་བརྩོན་གྱི་ཚོགས་ཆེན་ཞིག་ཏུ་བསྡུ་ཆེད་སྟོབས་ཤུགས་ཡོད་རྒུ་བཏོན།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཨ་ཧྲིན་ཆེན་གྱིས་བཤད་རྒྱུར། ད་ལོར་ཁོ་མོས་མི་རིགས་ས་ཁུལ་འཕེལ་རྒྱས་དང་སློབ་སྔོན་སློབ་གསོ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བྱས། དེ་དང་མཉམ་དུ། རྒྱལ་ཡོངས་ཀྱི་ཧོར་རིགས་འཐུས་མི་གཅིག་པུ་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། མི་དམངས་ཀྱི་མགྲིན་ཚབ་པ་བྱེད་པ་དང་འགན་སྒྲུབ་ནན་མོ་བྱེད་པ། ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་དབྱི་སི་ཧྥུའུ་ཡིས་བཤད་རྒྱུར། མང་ཚོགས་ཀྱི་ཡིད་ཆེས་དང་མངག་བཅོལ། ས་གནས་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ལས་ངས་དམངས་ཆེན་འཐུས་མི་ཞིག་གི་འགན་འཁྲི་དང་གོ་གནས་ཤེས་ཐུབ་པ་བྱུང་ལ། ད་ལོའི་གྲོས་ཚོགས་སྐབས་སུ་ངས་ངེས་པར་དུ་འཐུས་མིའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། མང་ཚོགས་ཀྱི་མགྲིན་ཚབ་པ་བྱེད་རྒྱུ་ཡིན།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁུང་ཆིན་ཅུའུ་ཡིས་བཤད་རྒྱུར། ངས་དུས་ཡུན་རིང་བོར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་། ད་ལོར་ང་རང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ས་ཁུལ་དུ་རྟོག་ཞིབ་བྱེད་པར་སོང་བ་ཡིན་ལ། ལམ་བར་དུ་སྐྱེ་ཁམས་དོ་སྲུང་བ་དང་འབྲོག་པ་མང་ཚོགས་དང་བརྗེ་རེས་བྱས་པ་མ་ཟད། རྒྱུས་ལོན་བྱུང་བའི་གནས་ཚུལ་གྲོས་གཞི་རུ་ལེགས་སྒྲིག་བྱས་ནས་པེ་ཅིང་དུ་ཁྱེར་ཡོང་བ་ཡིན། ཁོ་མོས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ། འགན་འཁྲི་ནན་མོ་བྱེད་པ་དང་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྲོས་གཞི་འདོན་རྒྱུ་ཡིན།
འཐུས་མི་ཚོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། མི་དམངས་འཐུས་མིའི་བླ་མེད་འགན་འཁྲི་ལག་བསྟར་བྱེད་པ། ཚོགས་ཆེན་གྱི་སྒྲིག་སྲོལ་བརྩི་སྲུང་བྱེད་པ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་སྤྲོ་སེམས་དང་འགན་ཁུར་བའི་སྙིང་སྟོབས་ལ་བརྟེན་ནས། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།