རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་ཟླ་གསུམ་པའི་ཚེས་བཞི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡིས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་ཡུན་ནི་ཉིན་དྲུག་དང་ཕྱེད་ཀ་ཡིན་པ་དང་། ཁྱོན་བསྡོམས་གྲོས་རིམ་ཁག་བཅུ་ཡོད་ཅེས་ངོ་སྤྲོད་བྱས། དུས་མཚུངས་སུ། ཚོགས་ཆེན་གྱིས་ལམ་བརྒྱུད་དེ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་འཐུས་མིའི་འཇུག་ལམ། པུའུ་ཀྲང་གི་འཇུག་ལམ་སོགས་ཀྱི་བཅར་འདྲིའི་བྱེད་སྒོ་ཅི་རིགས་རྩ་འཛུགས་བྱེད་རྒྱུ་རེད།
ཀྲང་ཡེ་སུའེ་ཡིས་ཇི་ལྟར་བྱས་ཏེ་ཁྲིམས་བཟང་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་དུ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དཀྱིལ་སྙིང་དུ་བཟུང་ནས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། དམངས་འཚོ་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ངོས་ཐད་ནས་བཅའ་ཁྲིམས་གལ་ཆེན་མང་པོ་ཞིག་ལ་བཟོ་བཅོས་བརྒྱབ་ཡོད།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཀྲང་ཡེ་སུའེ་ཡིས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་དང་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ། དམངས་ཆེན་འཐུས་མི་འདེམས་བསྐོ་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
བན་དེ་སྐྱབས་ཀྱིས་བསྒྱུར།