ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཚོགས་ཆེན་གྱི་འབྲེལ་ཡོད་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བཅའ་ཁྲིམས་ནང་གཏན་འཁེལ་བྱས་པ་ལྟར་གྲོས་བསྡུར་བྱས་པ་དང་གྲོས་གཞི་དང་ཡང་ན་བསམ་ཚུལ་བཏོན། ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས་པ་དང་། འཐུས་མི་ཚང་མའི་འགན་འཁྲི་ལྗི་ཞིང་འགན་འཁྲི་ལ་གཟི་བརྗིད་ལྡན་པས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་པ་དང་། ཚོགས་ཆེན་གྱི་བྱེ་བྲག་བླང་བྱ་དང་གཅིག་གྱུར་བྱེད་དགོས། ཚོགས་འདུར་ཞུགས་སྐབས་འཐུས་མིའི་རྣམ་འགྱུར་བཟང་བོ་མངོན་པར་བྱེད་པ་དང་། གྲོས་ཞིབ་བྱེད་སྐབས་འགན་འཁྲི་ལག་བསྟར་བྱེད་པའི་ཆུ་ཚད་མཚོན་པར་བྱེད་དགོས་ལ། བརྡས་ཐག་གཅོད་སྐབས་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་ཡིད་ལ་དམ་པོར་བཅངས་དགོས་པ་དང་། རིམས་ནད་འགོག་སྡོམ་བྱེད་སྐབས་སྒྲིག་ལམ་དམ་པོ་རྒྱུན་འཁྱོངས་བྱེད་པ། ཚོགས་ཆེན་སྐབས་སུ་གཙོ་གཞིའི་འགན་འཁྲི་དང་མི་སྒེར་གྱི་ལས་འགན་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། འཐུས་མིས་བཤད་པའི་སྐད་ཆ་དང་མཚོ་སྔོན་ལ་མཁོ་བའི་དགོས་མཁོ། རྒྱལ་ཁབ་ལ་ཡོད་པའི་ནུས་པ་བཅས་ཟུང་འབྲེལ་བྱེད་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་དོན་དངོས་འགུལ་སྐྱོད་ལག་ལེན་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས།
རང་ཞིང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་གྲོས་གཞི་འདོན་པའི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་ཞིང་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ནང་དོན་ལ་གྲ་སྒྲིག་བྱས། གྲོས་བསྡུར་བྱས་པ་བརྒྱུད། རྒྱལ་ཁབ་མཐོ་སྒང་རིམས་ནད་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། མཚོ་སྔོན་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་འཛུགས་སྐྲུན་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་སོགས་གྲོས་གཞི་གཙོ་བོར་བཟུང་སྟེ་མཚོ་སྔོན་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་སྤྲོད་རྩིས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།