རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་། བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པར་ད་ཡོད་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་གཅིག་ཡོད། ཟླ་གསུམ་པའི་ཚེས་གསུམ་ཉིན་བར། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་མིང་ཐོ་བཀོད་པའི་འཐུས་མི་སྟོང་གཉིས་བརྒྱད་བརྒྱ་དང་གཅིག་ཡོད། ཚེས་བཞི་ཉིན་གྱི་གྲ་སྒྲིག་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་བདུན་བརྒྱ་རེ་གསུམ་ཞུགས་ཡོད་པ་དང་། འཐུས་མི་བརྒྱ་དང་གྱ་བརྒྱད་ཚོགས་འདུར་ཞུགས་ཐུབ་མེད། ཚོགས་ཞུགས་ཀྱི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་བསྡུ་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཚགས་སུ་ཆུད་ཡོད་པ་ཁྱབ་བསྒྲགས་བྱས
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་མཛུབ་སྟོན་བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེནབཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གང་ལེགས་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱུན་ཆད་མེད་པར་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་པ། ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཚོགས་ཆེན་དེ་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། དཀའ་ཁག་ཁྱད་བསལ་དང་གསར་འབྱེད་ཡར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ཏེ་དོན་དངོས་བྱ་སྤྱོད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་དེ་ཡིན་ཟེར།
གྲ་སྒྲིག་གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་། ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་དེ་མི་བརྒྱ་དང་དོན་ལྔས་གྲུབ་ཡོད་ལ། ཝང་ཁྲིན་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་བདམས་ཡོད།
བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་གྲོས་ཚོགས་ཀྱི་གྲོས་རིམ་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་། ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྙན་ཞུ་དང་། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་དཔྱད་ཞིབ་བྱེད་པ། ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྙན་ཞུ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་དཔྱད་ཞིབ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཁ་གྲངས་དང་འདེམ་བསྐོའི་གནད་དོན་སྐོར་གྱི་གྲོས་ཆོད་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་མ་ཟད། ཆེས་མཐགོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨེ་ལི་ཀིན་དབྱེ་མེན་པཱ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ། དེ་མིན་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།