ཟླ༣པའི་ཚེས༥ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས། ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད།
ཞི་ཅིན་ཕིང་ཚོགས་རར་ཕེབས་པ།
ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་གནང་བཞིན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།
རྒྱལ་ཡོངས་དམངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཚེས་ལྔ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་སྟོང་གསུམ་ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་བླངས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་མཆོག་གྱུར་ལས་འགན་ལག་བསྟར་ནན་མོ་བྱས།
མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་གཟབ་རྒྱས་དང་དགའ་སྤྲོའི་རྣམ་པས་ཁེངས་ལ། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་ཡོལ་གྱི་དཀྱིལ་དུ་བཀལ་བའི་རྒྱལ་རྟགས་དེ་བཀྲག་མདངས་ལྡན་པའི་དར་དམར་གྱིས་བརྒྱན་ནས་འོད་དུ་འཚེར་བཞིན་ཡོད།
ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།
ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ད་དུང་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དང་ང་གཅིག་ཡོད། ཚེས་ལྔ་ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་བདུན་བརྒྱ་དང་དགུ་བཅུ་ཞུགས་པ་དང་། མི་བརྒྱ་དང་རེ་གཅིག་ཚོགས་ཐོག་ཏུ་ཐོན་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
སྔ་དྲོའི་དུས་ཚོད་དགུའི་སྟེང་། ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་བསྡོམས་པས་ཁག་གསུམ་ཏུ་བགོས་ཡོད་དེ། གཅིག ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་ཕྱིར་ལྟ། གཉིས། ཉིས་སྟོང་ཉེར་གཉིས་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། གསུམ། ཉིས་སྟོང་ཉེར་གཉིས་ལོའི་སྲིད་གཞུང་བྱ་བའི་ལས་འགན་བཅས་རེད།
ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། འདས་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་དུ་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ཆེན་པོས་རྟེན་འབྲེལ་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་བསྡུས་ལ། ཏང་གི་ལོ་རྒྱུས་སྟེང་གི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་དུས་ལྟར་རྣམ་པར་རྒྱལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ལ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་པར་ཞུགས། ལོ་གཅིག་གི་རིང་ལ། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཉེན་ཁ་དང་འགྲན་རྩོད་མང་པོར་ཁ་གཏད་ནས། རྒྱལ་ཡོངས་གོང་འོག་ཀུན་གྱིས་མཉམ་དུ་འབད་བརྩོན་ཆེན་པོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་ཅུང་བཟང་པོ་བྱས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་བརྩམས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་གསར་པ་བླངས་ཡོད།
ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབས་པ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་དུས་འཁོར་བརྒལ་བ་དང་དུས་འཁོར་ལྡོག་པའི་ལེགས་སྒྲིག་ལ་གཙིགས་འཛིན་བྱས་ཏེ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཕན་ནུས་ལྡན་པར་ཁ་གཏད་འཇལ་ནས་གཤམ་གྱི་བྱ་བ་འདི་དག་བསྒྲུབས་ཡོད། གཅིག་ནི་ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་ཁ་གཏད་རང་བཞིན་སྲུང་འཛིན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་བཏང་། གཉིས་ནི་ཁེ་ལས་ལ་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་ལེགས་སྒྱུར་དང་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་སླར་གསོའི་རྨང་གཞི་སྲ་བརྟན་དུ་བཏང་། གསུམ་ནི་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ནས། ཚོང་གཉེར་གྱི་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱས། བཞི་ནི་གསར་གཏོད་ཀྱིས་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཐོན་ལས་མུ་ཁྱུད་དང་མཁོ་འདོན་མུ་ཁྱུད་གཏན་འཇགས་སུ་བཏང་། ལྔ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་སྒྲིག་བཀོད་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས། དྲུག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། རྒྱུན་སྲིང་འཕེལ་རྒྱས་ལ་ཡར་སྐུལ་བྱས། བདུན་ནི་དམངས་ཚིས་ལ་ཧུར་ཐག་གིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ལས་དོན་མྱུར་མོར་གོང་དུ་སྤེལ། བརྒྱད་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་སྲུང་འཛིན་བྱས།
ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། གྲུབ་འབྲས་ཁས་ལེན་པའི་ཞོར་དུ། ང་ཚོས་གནད་དོན་དང་འགྲན་རྩོད་ཀྱང་གསལ་བོར་མཐོང་དགོས། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་དང་འགྲན་རྩོད་ལ་གདོང་གཏད་དེ། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་འཕར་བར་བྱ་རྒྱུ། མཁར་གྲོང་དུ་མི་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་གསར་དུ་ལས་ཀར་ཞུགས་སུ་འཇུག་པ་དང་མཁར་གྲོང་གི་བརྟག་དཔྱད་ལས་ཤོར་གྱི་ཚད་ལོ་ཧྲིལ་བོར་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གསུམ་ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་ཕལ་ཆེར་དོ་མཉམ་པར་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་གཏན་འཇགས་སྲུང་འཛིན་དང་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སོང་ཕལ་ཆེར་དོ་མཉམ་པར་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་དུ་སྲུང་འཛིན་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་བཏང་ནས། བཙོག་རྫས་གཙོ་བོ་ཕྱིར་འདོན་ཚད་བསྟུད་མར་ཇེ་དམའ་རུ་གཏོང་རྒྱུ། ནུས་རྒྱུ་ཟད་གྲོན་གྱི་དམིགས་འབེན་ལ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དུས་སྐབས་སུ་གཅིག་གྱུར་དཔྱད་ཞིབ་བྱ་རྒྱུ་མ་ཟད། འོས་འཚམ་གྱི་བབ་བསྟུན་རང་བཞིན་ཡོད་པར་བྱས་ཏེ། གསར་བྱུང་བསྐྱར་བཀོལ་ནུས་ཁུངས་དང་མ་བཅོས་རྒྱུ་ཆའི་བཀོལ་ནུས་དེ་ནུས་ཁུངས་འཛད་སྤྱོད་སྤྱི་གྲངས་ཚོད་འཛིན་གྱི་ཁོངས་སུ་མི་འཇོག་རྒྱུ་བཅས་ཡིན།
ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་གཤམ་གྱི་བྱ་བ་འདི་དག་ཏན་ཏིག་གིས་བཟང་པོར་བསྒྲུབ་དགོས་ཏེ། ཆེ་ཕྱོགས་དཔལ་འབྱོར་གྱི་རྨང་གཞོང་ཧུར་ཐག་གིས་གཏན་འཇགས་སུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱ་རྒྱུ། ཁྲོམ་རའི་གཙོ་གཞིས་ལས་ཞུགས་ལ་འགན་སྲུང་བྱེད་ཚད་ཧུར་ཐག་གིས་གཏན་འཇགས་སུ་བཏང་ནས། ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེས་ཆེར་བསྐྱེད་རྒྱུ། གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། དངོས་ཕུང་དཔལ་འབྱོར་གྱི་གཞི་རྩ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཁར་གྲོང་ཅན་གསར་པར་སྐུལ་སྤེལ་བྱ་རྒྱུ། ཞིང་ལས་ཐོན་སྐྱེད་ཧུར་ཐག་གིས་ལེགས་འཛིན་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ལ་ཡར་སྐུལ་བྱ་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། ཕྱི་ཚོང་ཕྱི་དངུལ་གཏན་འཇགས་ཀྱིས་འཕེལ་བར་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དམངས་ཚིས་ལ་དངོས་སུ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་གསར་སྐྲུན་བྱེད་རྒྱུ་བཅས་ཡིན།
སྙན་ཞུའི་ནང་ལིས་ཁི་ཆང་གིས་ད་དུང་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་རིགས་དང་ཆོས་ལུགས། ཕྱི་སྡོད་རང་མི་བཅས་ཀྱི་བྱ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་རྒྱས་བཤད་བྱས།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་གྱི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་བྱས།
ཀྲུའུ་ཞི་སྟེགས་བུའི་སྟེང་དུ་ད་དུང་ཏེན་ཞུའེ་ཞང་དང་ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞཱ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཚའེ་ཆི། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིན་ལིས། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞཱ་པའོ་ལུང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་བསྡད་ཡོད།
ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་པ་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་ཡང་ན་ཟུར་ཉན་བྱས།
ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།
ཕྱུག་ལོས་བསྒྱུར།