ཧན་ཀྲིན་ཧྲའན་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 
2022.03.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 49

ཟླ་གསུམ་པའི་ཚེས་ལྔ་ཉིན། ཧན་ཀྲིན་ཧྲའན་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་སྡོད་སའི་ཧྲའན་ཞིའི་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད། 

འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་ཡིད་འཐད་ཡིན། ཁོང་གིས་གསུང་དོན། ཉིས་སྟོང་ཉེར་གཅིག་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ཁག་གདོང་བསུས་དང་གསར་གཏོད་གསར་འབྱེད་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ལྗིད་མོ་ཡོངས་འགྲུབ་བྱེད་པར་འབད་བརྩོན་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པར་གོམ་སྟབས་གསར་དུ་སྤོས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ཚུན་གསར་བ་ཐོབ་ནས་ལོ་ལྔའི་འཆར་འགོད་བཅུ་བཞིའི་མགོ་ལེགས་པོར་རྩོམ་པ་མངོན་འགྱུར་བྱུང་ཡོད། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ད་ལོར་ང་ཚོའི་ཏང་གིས་ཚོགས་ཆེན་ཉི་ཤུ་བ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཧ་ཅང་གལ་ཆེ་བའི་ལོ་ཞིག་རེད། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པ་དང་། ནན་ཏན་གྱིས་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འབད་བརྩོན་བྱེད་དགོས། གཏན་འཇགས་གཙོར་འཛིན་པ་དང་གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པ། དཔལ་འབྱོར་གཏན་འཇགས་ལ་ཕན་པའི་སྲིད་ཇུས་བཟང་བོ་བཏོན་ནས། ཆེ་མཐོང་དཔལ་འབྱོར་གཏན་འཇགས་ཡོང་བར་བརྩོན་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམ་བྱས་ཤིང་། འབྲུ་རིགས་དང་ནུས་ཁུངས། ཐོན་ལས་མུ་འབྲེལ་མཁོ་འདོན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཞིང་ས་སྲུང་བའི་ཆེས་མ་མཐའི་ཚད་ཐིག་སྲུང་འཛིན་ནན་མོ་བྱེད་པ་དང་གཏན་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐན་སྙོམས་སྦྱོར་ལ་ཡར་སྐུལ་བྱས་ཏེ། རྡོ་སོལ་གྱི་དག་གཙང་ནུས་ལྡན་བེད་སྤྱོད་ལ་ཤུགས་སྣོན་དགོས། ཚན་རྩལ་གསར་གཏོད་ཇེ་དྲག་ཏུ་གཏོང་བ་དང་ཚན་རྩལ་དངུལ་གཏོང་རྐྱེན་སྲོལ་བཅོས་བསྒྱུར་བྱས་ནས་སྒུལ་ནུས་གསར་བ་འཕེལ་རྒྱས་དང་གསོ་སྤེལ་བྱེད་དགོས། ནོར་སྲིད་བྱ་བ་བཟང་བོར་བསྒྲུབས་ཏེ་གཞི་རིམ་གྱི་འགན་སྲུང་གསུམ་གྱི་མ་མཐའི་ཚད་ཐིག་སྲུང་ནས་ས་གནས་སྲིད་གཞུང་གི་མི་མངོན་པའི་དངུལ་བུན་ཉེན་ཁ་དོགས་ཟོན་དང་ཞི་འཇགས་སུ་གཏོང་དགོས་ལ། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ལ་ཚོད་འཛིན་ནན་མོ་བྱས་ནས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་སྲུང་བྱེད་དགོས། ཕྱི་ཡོང་འགོག་པ་དང་ནང་ནས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་འགོག་རྒོལ་དམ་འཛིན་བྱེད་དགོས། 

ཧན་ཀྲིན་གྱིས་ཧྲའན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རེ་བ་ལྔ་དང་གཏན་འཇགས་ལྔ་དངོས་འབེབས་གང་ལེགས་བྱས་ཏེ། ཧྲའན་ཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན། 


བསོད་ནམས་ཚེ་རིང་གིས་བསྒྱུར།