ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཞིང་ལས་ལས་རིགས་དང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཞིང་ལས་ལས་རིགས་དང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་སྐབས་ངེས་པར་དུ་ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་པར་དུ་འབྲུ་རིགས་མཁོ་འདོན་འགན་སྲུང་བྱེད་རྒྱུ་དེ་ལས་འགན་དང་པོར་འཇོག་པ་དང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དེ་འབུར་ཐོན་གོ་གནས་གལ་ཆེན་དུ་འཇོག་པ། འབྲུ་རིགས་ས་ཞིང་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ་དོན་ཐོག་ཏུ་དངོས་འབེབས་བཟང་བོ་བྱེད་དགོས། སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་ནུས་ཤུགས་འདོན་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་བདེ་འཇགས་དྲ་རྒྱ་འཕེལ་རྒྱས་སུ་བཏང་ནས། མི་དམངས་ཀྱི་འཚོ་བ་སྐྱིད་ཅིང་བདེ་འཇགས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་དགོས།
གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་ཨུ་ཡོན། བེད་མེད་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐེ་ཝན་ས་ཁུལ་གྱི་བུད་མེད་སྤུན་ཟླ་དང་ཕྱི་རྒྱལ་དུ་སྡོད་པའི་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཚམས་འདྲི་དང་གྲོས་བསྡུར་ལ་ཞུགས།
མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་། ཡང་ཧྥིན་ཅི་དང་ཝང་ཅིན། ཐང་ཅུན་ཅེ། མོ་རོང་། ཡེ་ཤེས་ཟླ་བ། ཝན་ཅན་མེན། ཝང་ཧེ་ཅིན་བཅས་ཨུ་ཡོན་བདུན་གྱིས་གྲོང་གསེབ་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཐོན་དངོས་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་རྨང་གཞི་སྲ་བརྟན་དུ་གཏོང་བ། འདེབས་འཛུགས་ལས་རིགས་ཀྱི་རང་བདག་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་གི་ཞན་ཆ་ཁ་གསབ་བྱེད་པ། སྤྱི་ཚོགས་ཕན་བདེ་ལས་དོན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་པ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ་གཏམ་བཤད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་ལས་རིགས་དང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་པར་ཧ་ཅང་དགའ་སྤྲོ་སྐྱེས་འདུག་པའི་ཚུལ་བསྟན། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཞུགས་ཨུ་ཡོན་སོ་སོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་ལས་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་ཕན་བདེ་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་ཞིང་ལས་འགན་ལྗི་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་མྱངས་པའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤོབས་པ་ཆེར་བསྐྱེད་དང་དཀའ་ཁག་ཁྱད་སེལ་སྒོས་མདུན་དུ་བསྐྱོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འགོར་བར་རྟེན་འབྲེལ་ཞུས་ཤིང་། དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་བླངས་པ་དང་། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་བར་སྐྱོད་འགོ་བརྩམས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཤིང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཚུགས་པ་མངོན་འགྱུར་བྱས། གྲུབ་འབྲས་དེ་དག་ནི་ཐོབ་སླ་མོ་ཞིག་མིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤོབས་པ་ཆེར་བསྐྱེད་བྱས་པའི་འབྲས་བུ་ཡིན་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡང་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ས་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་གཞི་རྩ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཡུན་རིང་ལ་འཕེལ་རྒྱས་སུ་འགྲོ་བའི་རྩ་བ་ཡིན། ཞིང་ས་ནི་ཞིང་ས་ཡིན་པས་འདེབས་འཛུགས་ལས་རིགས་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་བཀོལ་དགོས། གཟབ་ནན་ཡིན་པའི་ཞིང་ས་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱེད་པ་དང་། བཀོལ་སྤྱོད་དོ་དམ་ལམ་ལུགས་ལ་ཤུགས་ཞིང་ས་ཞིང་འཁོར་རྒྱུག་བཀོལ་སྤྱོད་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་དང་། ས་རྒོད་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ས་ངེས་པར་དུ་རྒྱུ་སྤུས་ལེགས་པའི་ཞིང་ས་ཡིན་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་སྐབས། ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ས་ནག་ཐང་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པ། རིགས་བགར་ནས་ས་ཞིང་བ་ཚྭ་ཅན་ལ་སྒྱུར་བཀོད་བྱེད་པར་མ་ཟད་ཧུར་ཐག་སྒོས་ས་མུའུ་ཐེར་འབུམ་གཅིག་གི་ཚད་གཞི་མཐོ་བའི་ཞིང་ས་འགྲུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་བྱེད་སྐབས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ཁོ་ན་གཙོ་བོར་མི་འཛིན་པ་དང་། ངེས་པར་དུ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཞིང་བའི་བསམ་བློ་ཀུན་སྤྱོད་སློབ་གསོ་ལ་མཐོང་ཆེན་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ། གྲོང་གསེབ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། སྡེ་དམངས་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་སྤེལ་དགོས། ཞིང་སྡེའི་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་ཆ་ཚང་དུ་བཏང་སྟེ། རྒྱུན་མཐུད་སྒོས་ཞིང་སྡེ་ཡི་ནག་ཚོགས་སྟོབས་ཤུགས་དང་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱིས་འཛམ་གླིང་སྟེང་དུ་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་འགྲུབ་པར་བྱས་ཡོད། སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྒྱུན་མཐུད་སྒོས་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ། ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་མང་བ་དང་ཕྱོགས་མང་པོ་ནས་རོགས་སྐྱོར་བྱེད་པའི་རྒན་གསོ་ཉེན་ཚབ་མ་ལག་འཕེལ་རྒྱས་སུ་བཏང་ནས། མི་སྔར་ལས་མང་པོ་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་དུ་འཇོག་དགོས། ཏེན་ཞེའོ་ཞང་དང་ཀྲང་ཆིན་ལིས། ལིས་པེན། ཝང་ཡུང་ཆིན། ཀུའུ་ཧྲིན་ཙོ་སོགས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།