མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་ཞིབ་མོ་བྱས།
2022.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་དྲུག་རང་རང་གི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་། འཆར་འགོད་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་ལ་གྲོས་བསྡུར་ཞིབ་མོ་བྱས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་ལ། ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱས་ཡོད། མི་སེམས་སྒུལ་ལ་བརྩོན་སེམས་ཆེ་རུ་བསྐྱེད་ཐུབ། སྙན་ཞུ་ལས་ད་ལོའི་དམིགས་འབེན་གཙོ་བོ་དང་། གཙོ་གནད་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཕྱོགས་ནས། གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ལེགས་བཅོས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་བྱེད་པ་སོགས་ཀྱི་ལས་འགན་དགུ་གཙོ་བོར་བཟུང་ཡོད། ཏང་ཀྲུང་དབྱང་གིས་མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་དམིགས་ནས་བཏོན་པའི་བརྡར་གཅོད་ཡང་དག་དང་བྱེད་ཐབས་བླང་བྱ་དང་ཡོངས་སུ་མཐུན་པ་མ་ཟད། སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་དོན་དངོས་ལག་བསྟར་རང་བཞིན་དྲག་པོ་ལྡན་པས། ཆབ་སྲིད་ལངས་གནས་མཐོ་ཞིང་། འགན་འཁྲི་ཁུར་སེམས་དྲག་པ། དམངས་ཀྱི་བརྩེ་བ་ལྡན་པའི་སྙན་ཞུ་བཟང་པོ་ཞིག་རེད། ང་ཡོངས་སུ་འཐད་པ་ཡིན།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་བསྟན་ཡོད་ལ། སྙིང་སྟོབས་བསྐྱེད་ཅིང་མི་སེམས་སྒུལ་ལ། བརྩོན་སེམས་བསྐྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། ཉིས་སྟོང་ཉེར་གཅིག་ལོར་སྲིད་གཞུང་བྱ་བས་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ཤིང་། གྲུབ་འབྲས་མངོན་གསལ་བླངས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད། ཉིས་སྟོང་ཉེར་གཉིས་ལོའི་སྲིད་གཞུང་བྱ་བའི་བཀོད་སྒྲིག་ནི། འཕེལ་རྒྱས་གནས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་གཅོད་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་གཞི་གདངས་ལག་བསྟར་ནན་མོ་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་གི་སྲིད་ཇུས་བཟང་པོ་ལག་བསྟར་བྱེད་པ་དང་། ལག་བསྟར་བྱས་ཆོག་པའི་སྔོན་རྩིས་དམིགས་འབེན་གཙོ་བོ་ཕྱིར་འདོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྔར་ལས་གནད་ཁེལ་ཡིན་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློ་སྔར་ལས་གསལ་བོར་གྱུར་ཡོད་པས། ང་ཡོངས་སུ་འཐད་པ་ཡིན།  རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དེ་ཆུའི་སྐྱེ་ཁམས་ཁ་གསབ་ཀྱི་ཚོད་ལྟའི་ཞིང་ཆེན་དུ་གདམ་པའི་རེ་བ་བཏོན་པ་ཡིན་ལ། རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་གྱི་ཆུའི་སྐྱེ་ཁམས་མགོ་ཁུངས་ནས་ཁ་གསབ་བྱེད་པའི་རྐྱེན་སྲོལ་ཚན་རིག་དང་མཐུན་པ་བཙུགས་ནས། བཞུར་བརྒྱུད་ཡོངས་སུ་ཁ་གསབ་མ་ལག་གྲུབ་པར་བྱ་རྒྱུའི་བསམ་ཚུལ་བཏོན།

ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་སེམས་འགུལ་ཐེབས་ཤིང་བརྩོན་སེམས་དྲག་པོ་བསྐྱེད་ཡོད། སྙན་ཞུའི་སྤྱི་སྡོམ་བྱ་བ་དོན་དངོས་དང་མཐུན་ལ། གནད་དོན་དབྱེ་ཞིབ་བྱས་པ་གནད་ལ་ཁེལ་ཡོད་ཅིང་། གནས་བབ་བརྡར་གཅོད་ཟབ་མོ་བྱས་ཡོད་ལ། བཀོད་སྒྲིག་བྱ་བའི་གཙོ་གནད་འབུར་དུ་ཐོན་ཡོད། ང་ལ་མྱོང་ཚོར་ཟབ་མོ་བཞི་ཡོད་དེ། གཅིག་ནི་འཕེལ་རྒྱས་གྲུབ་འབྲས་བླངས་པ་ལས་སླ་མོ་ཞིག་མིན། གཉིས་ནི་དམིགས་འབེན་བྱེད་ཐབས་བརྟན་ཞིང་ལག་བསྟར་བྱས་ཆོག  གསུམ་ནི། འཕེལ་རྒྱས་གསར་བའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། བཞི་ནི་མི་དམངས་བླ་རུ་བཀུར་བ་དེ་སྙན་ཞུའི་ཁྲོད་ཆེས་གཟེངས་སུ་ཐོན་ཡོད།

གྲོས་བསྡུར་ཁྲོད། ཨུ་ཡོན་རིན་ཆེན་རྣམ་རྒྱལ་དང་། ཏུའུ་ཏི་ཀྲི། ཅིན་ཧྭ་སོགས་ཀྱིས་གཏམ་བཤད་དེ། འདས་པའི་ལོ་གཅིག་གི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བས་བླངས་པའི་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་། ཚང་མས་འདོད་དོན། སྲིད་གཞུང་བྱ་བའི་སྙན་ཞུས་གཏན་ཁེལ་གཉིས་དམ་འཛིན་ནན་མོ་བྱེད་པ་གཙོར་བཟུང་ཞིང་། དར་ཆ་མཐོན་པོ་བསྒྲེངས་པ་དང་། དངོས་ཐོག་བདེན་འཚོལ་དང་། འགན་འཁྲི་མངོན་པར་བྱེད་པ། མི་ལ་བརྩོད་སེམས་བསྐྱེད་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཡོངས་སུ་མོས་མཐུན་ཡིན་པའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།