ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།
2022.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 182


ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་ནི་ང་ཚོའི་ཏང་གིས་དམག་དཔུང་འཛུགས་སྐྲུན་དང་དམག་དཔུང་བཅོས་སྐྱོང་བྱེད་པའི་གཞི་རྩའི་རྣམ་པ་ཡིན་པ་དང་། ཏང་གིས་དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ཏུ་ཧི་ལོས་དང་ཞུའུ་ཞི་ཧྲིན། ལེང་དབྱང། ཅང་ཆིན་ཆོན། ཝང་ཀྲིན་གོ། ཀའོ་པུའུ་མེན་བཅས་འཐུས་མི་དྲུག་གིས་གཏམ་བཤད་དེ། དམག་དོན་སྒྲིག་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། དམག་དོན་འཐབ་རྩོད་ཀྱི་བཅའ་ཁྲིམས་དགོངས་དོན་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། ཁྲིམས་ལྟར་དམག་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། རྒྱལ་སྲུང་ཚན་རྩལ་གསར་སྐྲུན་མྱུར་དུ་བྱེད་པ། རྒྱལ་སྲུང་སྐུལ་སློང་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་འཐུས་མིའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། དམག་དཔུང་ཡོངས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་མཛུབ་སྟོན་ལག་བསྟར་བྱས་ཏེ། འཐབ་རྩོད་བྱེད་ཞོར་དུ་དམག་འཐབ་ལ་གྲ་སྒྲིག་དང་། འཛུགས་སྐྲུན་བྱས་པར་མ་ཟད་ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཚུགས་པ་མངོན་འགྱུར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་འདོན་འཕེལ་རྒྱས་ཐད་ལ་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱས།

ཞི་ཅིན་ཕིང་གིས་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་འཐབ་ཇུས་ལག་བསྟར་བྱེད་པ་གཙོར་བཟུང་ནས་ནན་གྱིས་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་སྤྱིའི་བསམ་བཀོད་དུ་བཞག་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པར་བཀོད་སྒྲིག་ཞིབ་མོ་བྱས་ཤིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་གནས་བབ་གསར་བའི་འོག་ཏུ་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་དོན་གཏན་འཁེལ་བྱས། ལོ་འདི་དག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་ལག་ལེན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་བཏོན་པ་དང་། དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་བར་དམག་དཔུང་འཛུགས་སྐྲུན་དང་དམག་དཔུང་བཅོས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་པ་དང་། སྟོབས་ལྡན་དམག་དཔུང་ལས་དོན་གྱི་ཁྱོན་ཡོངས་གཞིར་བཟུང་ནས་གཏན་འཁེལ་བྱས་པའི་ཇུས་ཆོད་བཀོད་སྒྲིག་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པའི་སྟོབས་ལྡན་མཉམ་ཤུགས་གཅིག་སྡུད་བྱེད་དགོས། དམག་དོན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། རིམ་པ་སོ་སོས་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་ལ། ཁྲིམས་སྐྱོང་བྱ་བའི་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་མཛུབ་སྟོན་བྱེད་པ་དང་བྱ་བ་བསྒྲུབ་པར་སྣེ་ཁྲིད་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་རྒྱལ་སྲུང་འཛུགས་སྐྲུན་འགན་འཁྲི་ལག་བསྟར་བྱེད་པ། ཁྲིམས་ལྟར་དམག་དཔུང་འཛུགས་སྐྲུན་དང་དམག་དོན་འགུལ་སྐྱོད། དམག་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བཟང་བོ་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། དམག་དཔུང་ཡོངས་ཀྱིས་དམག་འཐབ་གྲ་སྒྲིག་བྱ་བ་དམ་འཛིན་དང་གང་ལེགས་སྒོས་བསྒྲུབ་པ་དང་། ས་གནས་དང་མཐུན་སྦྱོར་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ།  གློ་བུར་དུ་བྱུང་བའི་གནས་ཚུལ་དུས་ཐོག་ཏུ་ནུས་ལྡན་སྒོས་ཐག་གཅོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་འཛིན་བྱེད་པ། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཝེ་ཧྥིན་ཧི་དང་ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།