རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་བརྙན་རིས་གྲོས་ཚོགས་བསྡུས།
2022.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་ཚེས་བདུན་ཉིན་གྱི་ཕྱི་དྲོར་བརྙན་རིས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཐོག་ནས་གཏམ་བཤད། གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཙུགས་པ་དང་། ཨུ་ཡོན་སྡོད་ས་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པར་ཉན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུ་ལྟར་དྲ་རྒྱ་བརྒྱུད་དེ་བརྙན་རིས་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་གུང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། ལིས་པེན། པཱ་ཐི་ཨེར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་མགོ་འཛིན་བྱས།

ལིས་ཏའོ་ཁུའེ་ཡིས་བཤད་རྒྱུར། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ད་དུང་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་ན། ཚོང་རའི་དཔལ་འབྱོར་ནང་ཁུལ་གྱི་རྒྱ་སྐྱེད་ནུས་ཤུགས་ཆེན་པོ་ཕྱིར་འདོན་པ་དང་། མི་ཤུགས་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་བཟང་བོ་བྱེད་པ། དཔལ་འབྱོར་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་རང་བཞིན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རང་འགུལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་ཡང་བསྐྱར་གྲུབ་འབྲས་གསར་བ་བསྐྲུན་དགོས།

ཨུ་ཡོན་ཁྲིན་ཆུན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་དེ་ཚད་སྣོན་རྒྱ་སྐྱེད་ནས་གོ་དོན་རྒྱུ་སྤུས་མཐོར་འདེགས་གཏོང་བར་བསྒྱུར་བས། མི་གཙོར་འཛིན་པའི་རིན་ཐང་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཐུན་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་བཏང་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། གྲོང་ཁྱེར་རྙིང་བ་གསར་བསྒྱུར་བྱེད་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས། གཙོ་གཞི་མང་པོའི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། གྲོང་ཁྱེར་གྱི་རྒྱུ་སྤུས་དོ་དམ་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་ལ་ཞིབ་དཔྱད་བྱས་ཏེ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་གསར་བསྒྱུར་བྱེད་དགོས།

ཨུ་ཡོན་ཀྲུང་ཨིན་ཏིས་ཀྱིས་ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། འཕེལ་རྒྱས་ཆགས་སྟངས་གསར་བ་གྲུབ་པར་བྱེད་ན་འཁོར་རྒྱུག་ཟུང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ནང་གི་ཚོང་ར་འཕེལ་རྒྱས་སུ་གཏོང་བ། ནང་མཁོ་རྒྱ་སྐྱེད་པ། གསར་གཏོད་མུ་ཐག་དང་ཐོན་ལས་མུ་ཐག་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། ཐཱན་གཉིས་འཐབ་ཇུས་བརྟན་བརླིང་ངང་ལག་བསྟར་བྱེད་པ། མི་སྣའི་འགྲོ་འོང་དང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཨུ་ཡོན་ཚའེ་ཝེ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། མིག་སྔར་སྲིད་གཞུང་དང་ཚོང་རས་ཕྱོགས་གཉིས་ནས་ཤུགས་འདོན་པ་དང་། སྨན་རྫས་དང་སྨན་བཅོས་ཡོ་ཆས་ཐོན་ལས་མྱུར་དུ་བཅོས་བསྒྱུར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་མུ་ཐག་དང་མཁོ་སྤྲོད་མུ་ཐག་ཆ་ཚང་ཡོང་བ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ནུས་པ་དང་ལས་རིགས་ལྟ་སྐུལ་དོ་དམ་ཆུ་ཚད། ཐོན་ལས་གཅིག་བསྡུས་ཚད་མཐོར་འདེགས་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་དང་ནུབ་ལུགས་གསོ་རིག་དང་སྨན་རྫས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་ཕན་ཚུན་ཟུང་འབྲེལ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། སྨན་རྫས་དང་སྨན་བཅོས་ཡོ་ཆས་ཐོན་ལས་ཀྱིས་མི་དམངས་ཀྱི་བདེ་ཐང་དགོས་མཁོ་ལ་འགན་སྲུང་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་ཐུབ་པར་བྱེད་དགོས།

ཨུ་ཡོན་ཀའོ་ཧོང་ཅུན་གྱིས་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། ཚན་རྩལ་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན་ངེས་པར་དུ་ཚན་རྩལ་ཁྱབ་གདལ་ཐད་ཀྱི་ཞན་ཁ་གསབ་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་གྱི་རྨང་བརྟན་པོ་འདིངས་དགོས། ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་དང་དེའི་ཆ་སྡེབས་ལག་བསྟར་སྲིད་ཇུས་བཟོ་བཅོས་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་འཐབ་ཇུས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གཏན་ཁེལ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རིག་པའི་དཔུང་སྡེ་དང་ཚན་རྩལ་ཐོན་ཁུངས་སྟུག་པོ་བེད་སྤྱད་དེ། ཆུ་ཚད་མཐོ་བའི་ཚན་རིག་བྱང་ཚད་མཐོར་འདེགས་འགུལ་སྐྱོད་སྤེལ་དགོས།

ཨུ་ཡོན་ཡོན་ཝུན་གྱིས་བཤད་རྒྱུར། སྤྱི་ཚོགས་ཡོངས་སུ་ལོ་ལོན་གྱི་ལྟ་བ་བཟང་བོ་འཛུགས་པ་དང་། ལོ་ལོན་དུས་ལས་རྒྱུ་ཡོད་པར་བྱེད་པའི་ཐད་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས། ལོ་ལོན་སྤྱི་ཚོགས་ཁྲོད་ཞུགས་པར་གནོད་བྱེད་པའི་བཀག་རྐྱེན་མེད་པར་བྱེད་དགོས། ལོ་ལོན་དང་བླངས་ཞབས་ཞུ་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ། ལོ་ལོན་གྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་མཐོར་འདེགས་གཏོང་དགོས།

ཨུ་ཡོན་ཆན་ཧྥིན་གྱིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། ང་ཚོར་ལོ་རྒྱུས་སྟེང་གི་དུས་སྐབས་ནམ་ཞིག་ལས་ཀྱང་ཤེས་ལྡན་མི་སྣ་མཁོ་གལ་ཆེ་ལ། ལྷག་པར་དུ་ཚན་རྩལ་ཐད་ཀྱི་ན་གཞོན་ཤེས་ལྡན་མི་སྣ་མཁོ། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་མི་བལྟ་བར། ན་གཞོན་ཤེས་ལྡན་མ་སྣ་སྔར་ལས་མང་པོས་ཚན་རིག་ཞིབ་འཇུག་ཐད་ཀྱི་ཁུར་བོ་འཁུར་དུ་འཇུག་དགོས། ན་གཞོན་ཤེས་ལྡན་མི་སྣ་སྔར་ལས་མང་པོར་སྤུས་ལེགས་ཚན་རྩལ་ཐོན་ཁུངས་ཆ་སྡེབས་བྱེད་དགོས། ཚན་རྩལ་ཐད་ཀྱི་ཕུལ་བྱུང་ན་གཞོན་ཤེས་ལྡན་མི་སྣའི་འཁོར་རྒྱུག་ཚོད་འཛིན་མེད་པར་བྱས་ནས། འཚར་ལོངས་ཀྱི་བགྲོད་ལམ་རྒྱ་སྐྱེད་དགོས། ན་གཞོན་ཤེས་ལྡན་མི་སྣའི་ཐོབ་ཐང་འགན་སྲུང་སྲིད་ཇུས་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣར་བརྩི་བཀུར་དང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་གྲུབ་པར་བྱེད་དགོས།

ཨུ་ཡོན་ཧྥུའུ་ཀྲིན་པང་གིས་གུང་གཞོན་ཚོགས་པའི་ལས་རིགས་ཀྱི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། བུ་སྐྱེས་ལ་སྐུལ་སློང་ཆེན་པོ་བྱེད་པ་དང་། ལེགས་སྐྱེས་ལེགས་གསོ་ལ་སྐུལ་འདེད་གཏོང་དགོས། བུ་སྐྱེས་ལ་སྐུལ་སློང་བྱེད་པའི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁྲིད་ཕྱོགས་གཏན་ཁེལ་བྱེད་དགོས། ཁྱོན་ཡོངས་དང་མུ་ཐག་ཡོངས་ནས་བུ་སྐྱེས་ལ་སྐུལ་སློང་བྱེད་པའི་ཆ་སྡེབས་སྲིད་ཇུས་འཛུགས་དགོས། ཨ་མའི་ཁེ་དབང་དང་བུད་མེད་ཀྱི་ལས་ཞུགས་ཁེ་དབང་ལ་འགན་སྲུང་བྱེད་དགོས། མི་གྲངས་དོ་མཉམ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཨུ་ཡོན་ཧྲིན་པེན་གྱིས་ཆོས་ལུགས་ལས་རིགས་ཀྱི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར།  ཆོས་ཁྲིམས་ནན་མོ་བྱས་ན། ད་གཟོད་དད་མོས་ཡང་དག་བྱེད་ཐུབ། ཆོས་སྲོལ་ནན་མོར་བཏང་ན། ད་གཟོད་སྣང་བརྙན་བཟང་བོ་བསྐྲུན་ཐུབ། རང་ངོས་སློབ་གསོ་ལ་ཤུགས་བསྣན་ནས། རང་ཉིད་དག་གཙང་དུ་གཏོང་ཕོད་པར་བྱེད་དགོས། རང་ཉིད་དོ་དམ་ལ་ཤུགས་བསྣན་ནས། ཁྲིམས་ལྟར་ཆོས་ལུགས་སྤེལ་དགོས། རང་ཉིད་ཚོད་འཛིན་ལ་ཤུགས་བསྣན་ནས། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་མཐུན་པར་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་བདེ་ཐང་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས།

ད་དུང་ཨུ་ཡོན་ལིའོ་ཙི་ཡུན་དང་གའོ་ཧྥིན། ཀྲང་མེན་བཅས་ཀྱིས་ཀྱང་རིམ་པ་བཞིན་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།