ཟླ་གསུམ་པའི་ཚེས་བདུན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཐིན་ཅཱ་ཚའེ་དང་ལིའུ་ཁྲའོ། ཀྲང་ཞའོ་རོང་སོགས་འཐུས་མིས་གཏམ་བཤད། ལིས་ཅེ་ཞང་དང་ཝང་དབྱང་། ཀྲང་ཙི་ཅུན། ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དྲ་ལམ་བརྙན་རིས་སྦྲེལ་མཐུད་ཀྱི་རྣམ་པས་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན།
ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཏང་གི་དཔལ་འབྱོར་བྱ་བའི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཡོད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་ནུས་ཡོད་སྦྲེལ་མཐུད་བྱས་ཡོད་ལ། ཞིབ་ཅིང་བདེན་པའི་གཞི་གྲངས་བཀོལ་ནས་ན་ནིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི། ནོར་སྲིད་སྔོན་རྩིས་ལག་བསྟར་བཅས་མངོན་པར་བྱས་ཡོད་པར་མ་ཟད། ཁ་གསལ་ཡང་དག་གི་བྱེད་ཐབས་དང་ཚན་རིག་ལྟར་ད་ལོའི་བྱ་བར་བཀོད་སྒྲིག་བྱས་ཡོད། དེའི་དམིགས་འབེན་གསལ་བོ་ཡིན་ལ་བྱེད་ཐབས་ནུས་ལྡན་དང་སྙོམས་སྒྲིག་གནད་འཁེལ་ཡིན་པས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་མངོན་པར་བྱས་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཡོད་ལ། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་མཚོན་པར་བྱས་ཡོད་པར་མ་ཟད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་དང་དེང་རབས་ནོར་ཁྲལ་སྒྲིག་གཞིའི་དགེ་མཚན་གང་ལེགས་ཀྱིས་མངོན་པར་བྱས་ཡོད་པས། ང་རང་ཡོངས་སུ་འཐད་པ་ཡིན་ཟེར།
ལིས་ཅེ་ཞང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཡོད་པ་དང་། དེ་ནི་སྲིད་གཞུང་བྱ་བའི་སྙན་ཞུའི་ཞིབ་ཕྲ་ཅན་དང་གྲངས་ཀ་ཅན་ཡིན་ལ། སྲིད་གཞུང་གི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད། མདོ་དབུས་མཐོ་སྒང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པ་དེས་འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགོ་བརྩམས་པ་དང་། མི་དང་རང་བྱུང་གི་ཚེ་སྲོག་ཐུན་མོང་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ནུས་ལྡན་མཉམ་བསྲེས་བྱེད་པར་སྐུལ་སྤེལ་དང་། རྨ་ཆུའི་སྲུང་སྐྱོབ་ཆེན་མོ་དང་བཅོས་སྐྱོར་ཆེན་མོར་སྐུལ་འདེད་བཏང་ཡོད་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་རྩོམ་འབྲི་དང་སྐུ་དངོས་ཀྱིས་བཀོད་སྒྲིག་བྱས་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་གསར་པའི་རྨ་ཆུའི་མཉམ་གཞས་ཆེན་མོ་ཞིག་ཡིན། མཚོ་སྔོན་ནི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བློ་དཀར་ལག་ལེན་མཁན་ཡིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གི་འགྱུར་མེད་ལག་བསྟར་མཁན་ཡིན་པས། ང་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པར་མ་ཟད། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པའི་འགྱུར་མེད་འདོད་བློ་རུ་བསྒྱུར་དགོས་ཟེར།
ཝང་དབྱང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཡོད་ལ། སྲིད་གཞུང་བྱ་བའི་སྙན་ཞུ་དང་ནུས་ཡོད་སྦྲེལ་མཐུད་དང་གཅིག་རམ་གཅིག་འདེགས་བྱས་ཡོད་པར་མ་ཟད། ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་ཚན་རིག་གི་མ་ལག་འདུ་ཤེས། འགྱུར་མེད་ཀྱི་མི་དམངས་ལངས་ཕྱོགས་སོགས་མངོན་པར་བྱས་ཡོད་པས། ང་རང་ཡོངས་སུ་འཐད་པ་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞི་དང་སྔོན་རྩིས་སྙན་ཞུ་སྦྲེལ་མཐུད་དང་ལེགས་སྒྲིག་བཟང་བོ་བྱ་དགོས་ན། མ་དངུལ་དག་འཕེལ་རྒྱས་དང་དམངས་ཚིས་ཀྱི་དགོས་མཁོའི་ཐད་བཀོལ་སྤྱོད་བྱ་དགོས་ཟེར།
ལིའུ་ཁྲའོ་ཡིས་བཤད་རྒྱུར། འཆར་གཞི་དང་སྔོན་གཞིའི་སྙན་ཞུ་དང་སྲིད་གཞུང་བྱ་བའི་སྙན་ཞུ་ནི་གཅིག་རྒྱུན་གཅིག་འཛིན་དང་ཕན་ཚུན་འབྲེལ་མཐུད་བྱས་ཡོད་ལ ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་དང་སྒྲིག་གཞི་ལེགས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཡོད་པ་དང་། ཕན་ཡོད་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་སྔར་ལས་བཟང་བོའི་སྒོ་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་དང་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་མངོན་པར་བྱས་པ་དང་། ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་མཛུབ་སྟོན་གྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད་པས། ང་རང་ཡོངས་སུ་འཐད་པ་ཡིན་ཟེར།
ཀྲང་ཞའོ་རོང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་ཡོད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཡོད་ལ། ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པར་བྱས་ཡོད་པར་མ་ཟད། སྙན་ཞུ་གཉིས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་རྒྱུན་འཁྱོངས་བྱས་ཡོད་ལ། སྲིད་གཞུང་བྱ་བའི་སྙན་ཞུ་དང་གཅིག་རྒྱུན་གཅིག་འཛིན་དང་ནུས་ཡོད་སྦྲེལ་མཐུད་བྱས་ཡོད་པ་དང་། བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། དངོས་གཉེར་ཞིབ་ཚགས་དང་དངོས་ཐོག་བེདན་འཚོལ་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ཡོངས་སུ་འཐད་པ་ཡིན་ཟེར།
ཀྲང་ཙི་ཅིན་གྱིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་ཡོད་ལ། དེ་ནི་སྲིད་གཞུང་བྱ་བའི་སྙན་ཞུའི་ཞིབ་ཕྲ་ཅན་ཡིན་པ་དང་། ད་ལོའི་བྱ་བའི་འཆར་གཞི་ཡི་གེ་དང་ལས་འགན་ཡི་གེ་ཡིན། སྙན་ཞུ་གཉིས་ཀྱིས་ད་ལོར་རང་རྒྱལ་ཀྱིས་ངེས་པར་དུ་གདོང་གཏོད་དགོས་པའི་གནས་བབ་ལ་དམིགས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཡོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཡོད་ལ། ཕྱོགས་གཅིག་ནས་བརྟན་པོའི་ངང་འཕར་སྣོན་བྱ་རྒྱུ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། ཕྱོགས་གཞན་ཞིག་ནས་བདེ་འཇགས་ཀྱི་ཚད་མཐར་དམ་དུ་དམིགས་ནས་འབྲུ་རིགས་སོགས་ཞིང་ཐོན་དངོས་རྫས་གལ་ཆེན་གྱི་འདོན་སྤྲོད་ལ་ཤུགས་བསྣན་ནས་འབྲུ་རིགས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབས་ཡོད་ལ། ཉེན་ཁ་གལ་ཆེན་སྔོན་འགོག་དང་ཐག་བཅད་ཡོད།
ཀྲ་ཆིན་ཅིག་གིས་བཤད་རྒྱུར། ན་ནིང་གི་དཔལ་འབྱོར་སྤྱི་ཚོགས་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་ཤུགས་དང་སྟོབས་དང་ལྡན་པའི་ཚོད་འཛིན་ནུས་ཤུགས་མངོན་པར་བྱས་ཡོད་པ་དང་། ནུས་ལྡན་སྲིད་གཞུང་དང་ཕན་ཡོད་ཁྲོམ་ར་གཉིས་ནུས་ལྡན་སྒོས་ཟུང་འབྲེལ་བྱས་པ་མཚོན་པར་མ་ཟད། འཆར་གཞིའི་ལས་གཞི་དང་ནོར་སྲིད་མ་དངུལ་ཀྱི་ཁྲིད་ཕྱོགས་དང་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱས་ཡོད། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་འཆར་གཞི་དང་སྔོན་རྩིས་མ་དངུལ་བཀོད་སྒྲིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཡོད་ལ། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་མངོན་པར་བྱས་ཡོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། བྱ་བར་བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་ཞིང་དང་གཙོ་གནད་འབུར་ཐོན། གནད་ཕིགས་དངོས་གཉེར་ཡིན་པས། ད་ལོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
ཁྲིན་ལི་ཧྥིན་དང་མིན་ཧེ། ཀྲང་ཡུང་ལི། པད་རྒྱལ་བཀྲ་ཤིས། ཁུང་ཆིན་ཅུའུ། ཧྲ་ཧྥིན། ཨ་ཧྲིན་ཆིན་སོགས་འཐུས་མིས་གཏམ་བཤད།
ལྷ་མོ་ཚེ་རིང་གིས་བསྒྱུར།