རྩྭ་ཐང་ནི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་གལ་ཆེན་ཞིག་ཡིན་པ་དང་། རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་རྒྱུ་ཆ་གཙོ་བོ་དང་འཚོ་བ་རོལ་སའི་ཁྱིམ་གཞིས་ཡིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་འཛུགས་སྐྲུན་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་བྱས་པ་དང་། རྩྭ་ཐང་སྐྱེ་ཁམས་ཀྱི་མ་ལག་རང་བཞིན་དང་ཆ་ཚང་རང་བཞིན་གྱི་སྲུང་སྐྱོབ་འབུར་དུ་ཐོན་པར་བྱས་ལ། སྲུང་སྐྱོབ་སླར་གསོ་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཞན་འགྱུར་རྩྭ་སའི་བཅོས་སྐྱོང་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་སྲུང་སོགས་ཀྱི་ཐད་ཤུགས་བསྣན་ཏེ་ཞན་འགྱུར་རྩྭ་སར་རྩ་བའི་ཆ་ནས་བཅོས་སྐྱོང་བྱས་པ་དང་། ས་རྒྱུ་སྲུང་སྐྱོབ་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ལ། གཟན་རྩྭ་ཐོན་སྐྱེད་འདོན་སྤྲོད་བྱེད་ནུས་ཁྱོན་ཡོངས་ནས་ཇེ་མཐོར་སོང་སྟེ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་བོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། ཡིན་ཡང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྟོས་བཅས་ཀྱིས་ཅུང་རྗེས་ལུས་ཡིན་པ་དང་། རང་སྟེང་གི་ནོར་ཤུགས་ལ་ཚད་ཡོད་པས། གཞི་ཁྱོན་ཆེ་བའི་སྒོ་ནས་ཞན་འགྱུར་རྩྭ་ས་སྲུང་སྐྱོབ་སློར་གསོ་བཟོ་སྐྲུན་སྤེལ་བའི་འགྲོ་གྲོན་ལ་འགན་སྲུང་བྱ་མི་ཐུབ་པས། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་ཡིས་མཚོ་སྔོན་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ནག་ཐང་སོགས་ཞན་འགྱུར་རྩྭ་སའི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རར་དམ་དུ་དམིགས་ནས་གཙང་ཁྱབ་སྔོན་མོ་ལྷུང་ལྷུང་ཤར་དུ་རྒྱུ་བར་འགན་སྲུང་བྱ་དགོས་པའི་གྲོས་གཞི་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།