ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་པ་དང་གྲོས་ཞིབ་བྱས།
ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ཡར་ཞུ་བྱས། ལིས་ཀྲིན་ཧྲུའུ་ཡིས་བྱ་བ་ཡར་ཞུ་བྱེད་སྐབས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ལ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལོ་རྒྱུས་སྟེང་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཏང་ཀྲུང་དབྱང་གིས་ཐོག་དང་པོར་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་ཞིབ་མོ་བཏབ་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་རེ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཐུན་སྦྱོར་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པར་མ་ཟད། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྒྱུད་རིམས་ཧྲིལ་བོའི་མི་དམངས་དམངས་གཙོ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུ་དེ་ཡིན།
ལིས་ཀྲན་ཧྲུའུ་ཡིས་ཕྱིན་ཆད་ཀྱི་ལོ་གཅིག་གི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། གཅིག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་རྒྱུ། གཉིས། གོ་རིམ་ལྡན་ཞིང་ཆ་ཚང་བའི་ལམ་ལུགས་ཁོངས་གཏོགས་ཀྱིས་རྩ་ཁྲིམས་ལག་བསྟར་འགན་སྲུང་བྱེད་རྒྱུ། གསུམ། ཁྲིམས་འཛུགས་བྱ་བའི་ཁོངས་གཏོགས་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ། བཞི། བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ་གང་ལེགས་སྒོས་བསྒྲུབ་རྒྱུ། ལྔ། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་རྒྱུ། དམངས་ཆེན་ཕྱི་ཕྱོགས་བྱ་བ་བཟང་བོར་བསྒྲུབ་རྒྱུ། ལས་ཁུངས་བཞིའི་རེ་བ་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་བཅས་རེད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བ་ཡར་ཞུ་བྱེད་སྐབས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ཤིང་། རྩ་ཁྲིམས་དང་བཅའ་ཁྲིམས་ལས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཁྲི་གསུམ་དང་སྟོང་གསུམ་དྲུག་བརྒྱ་དང་གཉིས་བདག་སྤྲོད་བྱས་པ་དང་གྱོད་དོན་ཁྲི་གཉིས་དང་སྟོང་བརྒྱད་བདུན་བརྒྱ་དང་ཉི་ཤུ་ལ་ཞིབ་བཤེར་བྱས་ནས་ཐག་གཅོད་བྱས། ས་གནས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་ཆེད་དོན་མི་དམངས་ཁྲིམས་ཁང་གིས་གྱོད་དོན་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་ལྔ་ཁྲི་གཅིག་ལྷག་བདག་སྤྲོད་བྱས་པ་དང་གྱོད་དོན་བྱེ་བ་གསུམ་དང་འབུམ་གཅིག་ལྷག་ལ་ཞིབ་བཤེར་བྱས་ནས་ཐག་གཅོད་བྱས།
ཀྲིག་ཆང་གིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་མི་དམངས་ཁྲིམས་ཁང་གིས་ཏང་གིས་ཁྲིམས་འཛིན་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་བྱ་བའི་སྤྱིའི་དགོངས་གི་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་བློ་དཀར་བར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེ་ནང་དུ་འདྲ་མཉམ་དྲང་བདེན་ཡིན་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བ་ཡར་ཞུ་བྱེད་སྐབས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རང་རྟོགས་སྒོས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་དུ་མཉམ་བསྲེས་བྱས་པ་དང་། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱས་ནས། ཉེ་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་སོགས་ཞིབ་དཔྱོད་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ཀྲང་ཅུན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། བརྟན་འཇགས་དང་དངོས་འབེབས། མཐོར་འདེགས་བཅས་ཀྱི་བྱ་བ་དམ་འཛིན་བྱེད་པ་དང་། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན།
ཚོགས་ཆེན་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་གཅིག་ཞུགས་དགོས་པ་དང་ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་བདུན་བརྒྱ་རེ་གཅིག་འབྱོར་བས་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཀྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཚེས་བརྒྱད་ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། གྲོས་ཚོགས་ཀྱིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས།
བཀྲ་ཤིས་འབུམ་གྱིས་བསྒྱུར།