མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།
2022.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར།    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་སྲིད་གྲོས་ཨུ་ཡོན་བཅུ་དྲུག་སོ་སོར་རང་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཞིབ་ཏུ་གྲོས་བསྡུར་བྱས།   ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ལིའུ་ཐུང་ཏི་ཡིས་གཏམ་བཤད་པ་དང་།  ཨུ་ཡོན་རྡོ་རྗེ་རབ་བརྟན་དང་རིན་ཆེན་རྣམ་རྒྱལ།    ཝང་ཞོན།   ཏུའུ་ཏི་ཀྲི།   མཱ་ཀྲི་ཝེ་སོགས་གྲོས་བསྡུར་ལ་ཞུགས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར།    ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུའི་ནང་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་འཐབ་ཇུས་ཀྱིས་ཁྱབ་པར་བྱས་ཡོད་པ་དང་།    སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ལ།   སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ཁེ་དབང་འགན་སྲུང་དང་འགལ་བ་ཐག་གཅོད།   བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བརྒྱུད་སྤྲོད་བྱས་ཡོད།   འདས་པའི་ལོ་གཅིག་གི་རིང་ལ།   ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཀྱི་དར་ཆ་མཐོན་པོ་སྒྲེང་བ་དང་།   ལྷག་བསམ་རྣམ་དག་གིས་འགན་ནུས་ལག་བསྟར་བྱས་ལ།   རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་སྐྱོང་ལ་གནོད་པའི་ཁྲིམས་འགལ་ནག་ཉེས་ལ་ཆད་གཅོད་དྲག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱས།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་ཁྲིམས་སྐྱོང་ཅན་གྱི་ཚོགས་གཉེར་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ།   ཁྲོམ་རའི་འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོབ་བྱེད་པ།    དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་བ།   བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་བྱས་ཏེ་ཀྲུང་གོ་འཛམ་གླིང་སྟེང་གི་ཆེས་བདེ་འཇགས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱས་པས།    ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་གཉིས་ལ་ཡོངས་སུ་འཐད་པ་ཡིན་ཟེར།

ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར།  འདས་པའི་ལོ་གཅིག་ནང་།   ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ཞུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།    ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ལ།   དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་དྲང་གཞག་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་པར་མ་ཟད།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུས་པ་གནད་ལ་འཁེལ་ཞིང་།   སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཞུགས་ཏེ་གནད་དོན་གྱི་འབྱུང་ཁུངས་ལ་བཅོས་སྐྱོང་ནན་མོ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་ནུས་ལྡན་བྱས་པ་དང་།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཞབས་འདེགས་ཞུས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་བཏང་ཟེར།

ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར།   ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་དར་ཆ་མཐོན་པོར་སྒྲེང་སྟེ་ཁྲིམས་སྐྱོང་དབང་གྲགས་འབུར་དུ་ཐོན་པར་བྱས་ཡོད་པ་དང་།    དམངས་ལ་བཅངས་པའི་བརྩེ་སེམས་བྲིས་ཡོད་ལ།   བཅོས་སྒྱུར་གྱི་སྙིང་སྟོབས་མངོན་པར་བྱས་ཡོད།      འདས་པའི་ལོ་གཅིག་གི་ནང་།   ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ།  བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གསར་སྐྲུན་བྱེད་པ་མངོན་པར་བྱས་པ་དང་།    ཁྲིམས་འཛིན་གྱི་ཡིད་རྟོན་ཚད་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམས་ཚད་སྔར་ལས་ཇེ་མཐོར་བཏང་ཟེར།

ཨུ་ཡོན་མཱ་ཧེ་དབྱིན་གྱིས་བཤད་རྒྱུར།  ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་མང་ཚོགས་དག་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་གཞག་ཚོར་དུ་བཅུག་སྟེ་ཁྲིམས་འཛིན་བརྡར་གཅོད་ལས་ཁུངས་དང་བཅའ་ཁྲིམས་ལྟ་རྟོག་ལས་ཁུངས་ཀྱི་ཁྲིམས་སྐྱོང་བརྩེ་སེམས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས།   རིག་སྟོབས་ཁྲིམས་ཁང་དང་རིག་སྟོབས་ཞིབ་དཔྱོད་ལས་དོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་།   ཚན་རྩལ་གྱིས་ཁྲིམས་འཛིན་ཐད་ནུས་ཤུགས་བཏོན་ཏེ་དམངས་བདེ་དམངས་ཕན་ནང་རྐྱེན་གསར་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་བསྡུར་བྱེད་སྐབས།     ཨུ་ཡོན་རྣམས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།   ཚང་མས་བལྟས་ན།   ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་ཆབ་སྲིད་ཁག་ཁུར་མངོན་པར་བྱས་ཡོད་པ་དང་།    སྤྱི་ཚོགས་ཀྱི་དོ་ཁུར་ལ་ཕྱིར་ལན་བཏབ་ཡོད་ལ། དེ་ནི་མི་དམངས་གཙོར་འཛིན་པ་དང་རྩ་ཁྲིམས་གཙོར་འཛིན་པ།   བཅའ་ཁྲིམས་ཚད་ཤིང་དུ་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པར་འདོད།   ཨུ་ཡོན་རྣམས་ཀྱིས་སྙན་ཞུ་གཉིས་ལ་ཡོངས་སུ་འཐད་པ་ཡིན་པའི་ཚུལ་བསྟན།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།