--ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་བསྣན་པའི་སྐོར་གྱི་དཔྱད་བརྗོད།
“ང་ཚོའི་དམིགས་འབེན་ཧ་ཅང་བརྗིད་ཆེ་ལ། ཧ་ཅང་བབ་ཆགས་ཤིག་ཀྱང་ཡིན་པ་དང་། མཐར་གཏུག་ནས་བཤད་ན་ཀྲུང་གོ་བ་ཡོངས་ལ་སྔར་ལས་ལེགས་པའི་འཚོ་བ་རོལ་རྒྱུ་ཡོད་པ་བྱ་རྒྱུ་དེ་ཡིན། ”
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་ཤིང་། དམངས་ཚིས་ལ་ཕན་པ་དང་དམངས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་སྤེལ་བར་བརྟེན། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།
“ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་དགའ་སྐྱོ་བདེ་སྡུག་སེམས་ལ་འཛིན་དགོས།”
ཟླ9པར། ཧྲན་ཞི་བྱང་ཕྱོགས་སུ་སྟོན་འགོ་ཚུགས་སོང་། ཡངས་ཤིང་གྲལ་དག་པའི་སྒོ་ར་ཆུང་བའི་ནང་དུ། ལོ་ན68ལ་སོན་པའི་པེ་ཀའོ་ཧྲན་གྱིས་ཚ་བོ་ལག་མགོར་ཁྲིད་དེ་གདོང་ལ་འཛུམ་གྱིས་ཁེངས་བཞིན“སྡོད་ཁང་གསར་པའི་ནང་འདུག་ཐུབ་སོང་ལ། བུ་ལའང་མནའ་མ་བླངས་ཏེ་ཚ་བོ་ཡང་སྐྱེས་འདུག རང་ཁྱིམ་གྱི་སྒོ་ཁ་ན་རྒན་གསོ་ཁང་དང་བྱིས་སྐྱོང་ཁང་ཡོད་པས། འདི་འདྲའི་འཚོ་བ་ཞིག་རོལ་ཐུབ་པར་སྔོན་ཆད་ཡིད་ལའང་དྲན་མ་མྱོང་”ཞེས་བཤད་བྱུང་།
པེ་ཀའོ་ཧྲན་སྡོད་པའི་ཧྲན་ཞི་ཏ་ཐུང་གྲོང་ཁྱེར་ཡུན་ཀྲིག་ཁུལ་ཞི་ཕིན་གྲོང་རྡལ་ཧྥང་ཁྲིན་སྡེ་གསར་ནི་ཡུལ་གཞན་དུ་གནས་སྤོ་བྱས་པའི་དབུལ་སྐྱོར་སྡེ་བ་ཞིག་ཡིན། 2018ལོ་ནས་བཟུང་། སྡེ་མི་ཁྱིམ་ཚང་200ལྷག་གིས་མི་རབས་ནས་མི་རབས་བར་རི་གཟར་ཞིང་ས་གཤིས་མི་ལེགས་པའི་ས་སྒང་དང་བ་ཚྭ་ཅན་གྱི་ས་དོང་ནས་རིམ་བཞིན་གནས་སྤར་ནས་འདིར་ཐོན་ཏེ། ཧོང་ཧྭ་ཁྱད་ལྡན་ཐོན་ལས་སོགས་ལ་བརྟེན་ནས་འཕེལ་རྒྱས་བྱུང་སྟེ། ཁྱོན་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱུང་ནས་འཚོ་བ་རོལ་སྟངས་ཐད་ལ་འགྱུར་ལྡོག་གསར་བ་བྱུང་ཡོད།
དུས་ཚོད2012ལོའི་ཟླ11པའི་སྐབས་ལ་ཕྱིར་སྣུར་བྱས་ཚེ། སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་སྐབས། གསར་དུ་བསྐོ་བཞག་བྱས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བབ་ཆགས་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན”ཞེས་ཁྱབ་བསྒྲགས་གནངས།
སྐབས་དེར། ཀྲུང་གོའི་ཞིང་སྡེའི་མི་གྲངས་དུང་ཕྱུར་གཅིག་ཙམ་གྱི་འཚོ་བ་དབུལ་སྐྱོར་ཚད་གཞིའི་མན་དུ་ཡོད་ཅིང་། མི་དམངས་ལ་བཅངས་པའི་བརྩེ་སེམས་དེ་གཟི་བརྗིད་ལྡན་པའི་དམ་བཅའ་དང་དངོས་ཡོད་ཀྱི་བྱེད་ཐབས་སུ་བསྒྱུར་ཏེ། རྦ་རླབས་དགུང་དུ་འཕྱུར་བའི་ དབུལ་ཕོངས་ལ་རྒོལ་བའི་འཐབ་རྩོད་ཅིག་ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་བྱུང་སྟེ། རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་སྐབས་སུ་སླེབས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་སྐུ་དངོས་སུ་དམག་སྤྱི་བྱེད་པ་དང་སྐུ་དངོས་སུ་དམག་འཐབ་ནང་ཞུགས་པ། སྐུ་དངོས་སུ་དམག་འཐབ་ལ་ལྟ་སྐུལ་བཅས་གནང་ཏེ། གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ནག་ས་ཁུལ14ལ་ཞབས་ཀྱིས་བཅག་སྟེ། དབུལ་ཕོངས་སྡེ་བ་20ལ་གཟིགས་ཞིབ་དང་རྟོག་དཔྱོད་གནངས། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་འབུམ་གཉིས་ཁྲི་ལྔ་སྟོང་ལྔ་དང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་པའི་ལས་བྱེད་པ་ས་ཡ་གསུམ་ལྷག་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་ས་ཡ་གཉིས་ཙམ་དང་སྡེ་བའི་ལས་བྱེད་པ་ཁྲི་ཕྲག་དུ་མ་དང་མཉམ་དུ་དབུལ་སྐྱོར་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས།
ད་སྤྱོད་ཀྱི་ཚད་གཞིའི་མན་གྱི་གྲོང་གསེབ་དབུལ་ཕོངས་མི་གྲངས་བྱེ་བ་དགུ་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཚང་མ་དབུལ་ཐར་བྱུང་བ་དང་། དབུལ་ཕོངས་རྫོང་832ཚང་མས་དབུལ་ཞྭ་ཕུད་ལ། དབུལ་ཕོངས་སྡེ་བ་འབུམ་གཅི་ཁྲི་གཉིས་སྟོང་བརྒྱད་ཚང་མ་དབུལ་བོ་ལས་ཐར་ཡོད་པ་རེད། དུས་ཡུན་ལོ་ངོ8རིང་ལ། དཀའ་སྤྱད་འབད་བརྩོན་གྱིས་ལག་རྡང་སྦྲེལ་ནས། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཤིན་ཏུ་དབུལ་བོའི་གནད་དོན་ཐག་གཅོད་བྱས་པ་དང་། ཀྲུང་གོ་པས་གནའ་སྔ་མོ་ནས་བཟུང་འཚོལ་སྙེགས་བྱས་པའི་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཞིང་། མི་དམངས་ཀྱི་བདེ་སྡུག་སེམས་ལ་འཛིན་དགོས་ཤིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་གོ་གནས་དང་པོར་བཞག་ཡོད།
ཅང་མ་འགོར་བའི་སྔོན་ཏག་ཏག་སྟེ་ཟླ9ཚེས5ཉིན་གྱི་དུས་ཚོད12དང་སྐར་མ52སྟེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་ཁ་རྫོང་དུ་ཚད་རིམ6.8ཀྱི་ས་ཡོམ་བྱུང་བའི་གནས་ཚུལ་དེ་བསྒྲགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་དང་པོར་བརྩིས་ཏེ་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ནས་མི་སྣ་ཤི་རྨས་ཀྱི་ཚད་ཆེས་ཉུང་བར་གཏང་དགོས་པའི་ཐུགས་རེ་བཏོན།
མེ་གསོད་སྐྱོབ་རོགས་དཔུང་སྡེ་དང་དྲག་ཆས་དཔོན་དམག སྨན་བཅོས་མི་སྣ་བཅས་སྐོར་དང་སྐོར་བྱས་ནས་མྱུར་སྐྱོབ་བྱེད་པར་སྐྱོད་དེ། ཉེན་སེལ་མྱུར་སྐྱོབ་ཀྱི་ལས་ཡུལ་དང་པོར་ཞུགས།
“མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མདུན་དུ་ང་ཚོས་ངེས་པར་དུ་རིན་དོད་ཡོད་ཚད་འབུལ་དགོས་ཤིང་། ང་ཚོས་རིན་དོད་ཡོད་ཚད་ཕུལ་ཡང་ཐུབ་ངེས།” མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་སུ་ཉར་བའི་དོན་དག་གལ་ཆེན་ཞིག་ཡིན།
2020ལོའི་ལོ་འགོར། པྲོག་གསར་གློ་ཚད་རིམས་ནད་གློ་བུར་དུ་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་བརྒྱ་སེམས་གཅིག་བྱས་ནས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྔར་མེད་ཀྱི་གཞི་ཁྱོན་ཆེན་པོའི་སྒོ་ནས་ཚེ་སྲོག་མྱུར་སྐྱོབ་ལག་ལེན་དུ་བསྟར་ཏེ། སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཞིག་བརྒྱབ་པ་རེད།
སྐྱེས་མ་ཐག་པའི་ཁྱེའུ་ནས་ལོ100ལྷག་ལ་སོན་པའི་རྒན་པོའི་བར་དང་། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་སློབ་མ་ནས་ཀྲུང་གོར་འོང་བའི་ཕྱི་རྒྱལ་པ་བཅས་ཀྱི་ཚེ་སྲོག་རེ་རེར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པས། མིའི་ཚེ་སྲོག་དང་མིའི་རིན་ཐང་། མིའི་ལ་རྒྱ་བཅས་ལ་གཅེས་སྐྱོང་གང་ལེགས་ཐོབ་ཡོད།
ད་ལོའི་ཟླ3པ་ནས་བཟུང་། འགོས་ནད་རང་བཞིན་ཤུགས་དྲགས་ལྡན་པའི་ཨའོ་སྨི་ཁི་རུང་གཞན་འགྱུར་དུག་རྐང་མགྱོགས་མྱུར་ངང་མཆེད་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རིམས་ནད་འགོག་སྲུང་གི་བྱ་བ་དམ་འཛིན་བྱེད་པར་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། “ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་དགོས་པ་དང་། ཚེ་སྲོག་བླ་རུ་བཀུར་དགོས་པ་རྒྱུན་འཁྱོངས་དང་། ཚན་རིག་ལྟར་གནད་ལ་འཁེལ་བ་དང་། འགུལ་རྣམ་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་གྱིས་བསྟན་པ་རེད།
ལག་རྩལ་གྱི་ལམ་ཕྱོགས་མང་པོ་ནས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས་ཤིང་། དམངས་ཡོངས་ལ་རིན་མེད་ངང་འགོག་ཁབ་བརྒྱབ་པ་དང་། བདེ་འཇགས་དང་ཚན་རིག་དང་མཐུན་པའི་སྔོན་འགྲོའི་འོག་ཚོགས་སྤྱི་གང་རུང་བ་གཅིག་ཀྱང་ལུས་སུ་མི་འཇུག་པ་ཁག་ཐེག་བྱས། ཟླ9ཚེས12ཉིན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཚོགས་པ་བཅས་སུ་པྲོག་གསར་གློ་ཚད་རིམས་ནད་གྱི་འགོག་ཁབ་ཐེར་འབུམ་གསུམ་དུང་ཕྱུར་བཞི་བྱེ་བ་གསུམ་ས་ཡ བཞི་ལྷག་བརྒྱབ་པ་རེད།
རིམས་ནད་འགོག་སྲུང་གཟབ་ནན་དང་ཞིབ་ཕྲའི་སྒོ་ནས་དམ་འཛིན་བྱས་ཏེ། རིམས་ནད་འགོག་སྲུང་གི་སྲུང་ཡོལ་བརྟན་པོར་སྐྲུན་དགོས། རང་རྒྱལ་གྱིས་ཚད་མཐའ་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྲུང་གཉིས་སྡེབ་འཛིན་བྱས་ཏེ། འཛམ་གླིང་ཐོག་ཆེས་བཟང་པའི་གྲུབ་འབྲས་བླངས་ཡོད།
“མི་དམངས་མང་ཚོགས་ལ་དགོས་མཁོ་གང་ཡོད་པ་དང་སེམས་ཁྲལ་ཅི་ཡོད་པ། རེ་ལྟོས་བྱེད་ས་ཅི་ཡིན་པ་བཅས་ལ་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས། ”
“དམངས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་ངས་སེམས་སུ་འཛིན་རྒྱུ་དང་། དམངས་ཀྱིས་རེ་སྒུག་བྱེད་པའི་དོན་དག་ངས་མྱུར་དུ་བསྒྲུབ་དགོས།”
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྩེ་སེམས་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི“དཀའ་ཁག་དང་སེམས་ཁྲལ། རེ་ལྟོས”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཆུང་དུས་གསོ་སྐྱོང་ཡོད་པ་དང་སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་བ་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་ལ་རྒྱུན་འཆད་མེད་པར་སྐུལ་འདེད་བཏང་ནས་འཕེལ་རིམ་གསར་བ་བླངས་ཡོད།
“རིམ་པ་གསུམ་གྱི་གཞུང་བཙུགས་སྨན་ཁང་གིས་རྒྱུན་ལྡན་ངང་སོ་འཛུགས་པའི་སྨན་བཅོས་ཞབས་ཞུ་ཁག་ཅིག་གི་སྤྱིའི་རིན་གོང་དེ་རྩ་བའི་ཆ་ནས་སྒོར4500ལས་བརྒལ་མི་ཆོག་པར་བྱ་རྒྱུ”དང “ས་ཆ་སོ་སོས་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་ཡིས་སོ་འཛུགས་པ་དང་རུས་པ་གསབ་པ་སོགས་ཀྱི་རིན་གོང་སོགས་ཇེ་དམའ་རུ་གཏང་དགོས།”
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཟླ9ཚེས8ཉིན་ཁྱབ་སྒྲོག་བྱས་པའི་བརྡ་ཐོ་ལས་དམངས་ཚིས་ཀྱི“དཀའ་གནད”ལ་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་སྟབས། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་སྒོས་དོ་སྣང་བྱས།
ལོ10ཡི་རིང་ལ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས་སྨན་ལ་བརྟེན་ནས“གཅོང་ནད”གསོ་བཅོས་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཡོད། གཅིག་བསྡུས་སྒོས་ཉོ་བསྡུ་བྱེད་པའི་བྱ་འགུལ་སྐོར་ཐེངས་བདུན་ལ་སྤེལ་བ་དང་། དེའི་ཁྲོད་དུ་བདམས་ཐོན་བྱུང་བའི་སྨན་རྫས་དག་གི་རིན་གོང་ཆ་སྙོམས་ཀྱིས50%ལྷག་མར་ཕབ་པ་དང་། སྐོར་ཐེངས་གཉིས་ལ་ཟད་གྲོན་ཆེ་བའི་རྒྱུ་ཆ་གཅིག་བསྡུས་སྒོས་ཉོ་བསྡུ་བྱས་ཏེ་རིན་གོང་ཆ་སྙོམས་ཀྱིས80%ལྷག་མར་ཕབ་ཅིང་། སྡོམ་རྩིས་བྱས་ན་མང་ཚོགས་ཀྱིས་སྨན་བཀོལ་བའི་ཁུར་བོ་སྒོར་མོ་དུང་ཕྱུར3000ཙམ་ཇེ་དམའ་རུ་བཏང་ཡོད་པ་རེད།
དམངས་ཚིས་ནི་དམངས་སེམས་དང་སྦྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་སྒོས་དོ་སྣང་བྱེད་པ་དང་། བསམ་འཆར་ཆེ་བ། ཡང་དང་བསྐྱར་དུ་འབྱུང་བའི་གནད་དོན་བཅས་ལ་དམིགས་ཏེ། བཅོས་སྒྱུར་གསར་སྐྲུན་གྱི་བྱེད་ཐབས་མང་པོ་བཏོན་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། རྒན་གསོ། ཟས་རིགས་བདེ་འཇགས། སྐྱེ་ཁམས་ཁོར་ཡུག སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནད་དོན་རེ་རེ་ཐག་གཅོད་ལེགས་པོ་བྱེད་དགོས་ཤིང་། ཧུར་ཐག་སྒོས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མིག་མཐོང་ལག་ཟིན་དང་། སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་ལས་འགན་སྲུང་ཡོད་པ་བཅས་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།”
རྐྱེན་སྲོལ་འཛུགས་པ་དང་འགོག་རྐྱེན་གཏོར་བ། དཀའ་གནད་སེལ་བ་བཅས་ཀྱི་སྒོ་ནས་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གོ་རིམ་ལྡན་པའི་ངང་སྤེལ་ནས། ལོ་རེར་ཞིང་སྡེའི་མི་གྲངས་ཁྲི་སྟོང་མང་པོ་མཁར་གྲོང་དུ་གཞིས་ཆགས་སུ་འཇུག་པ་དང་། གད་སྙིགས་རིགས་དབྱེ་དང་། དག་གཙང་དྲོད་ལེན། སྤྱོད་ཁང་གསར་བརྗེ། སློབ་ཕྱིའི་ཟབ་སྦྱོང་བཅས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་སོགས་དམངས་ཚིས་ཀྱི“དོན་ཆུང་”རེ་རེ་ཀྲུང་ནན་ཧའེ་རུ་གྲོས་བསྡུར་བྱ་ཡུལ་ཞིག་ཏུ་གྱུར་ནས། དེ་དག་རེ་རེ་བཞིན་བཅོས་སྒྱུར་གྱི་ཤུགས་འདོན་ས་རུ་གྱུར་བས། དམངས་ཚིས་ཀྱི་དྲོད་ཁོལ་མུ་མཐུད་མཐོར་འདེགས་བྱུང་།
ལས་ཞུགས་ནི་དམངས་ཚིས་ཀྱི་རྩ་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ལས་ཞུགས་དམིགས་བསལ་སྲིད་ཇུས་ལ་མུ་མཐུད་ཤུགས་བསྣན་པ་དང་། ཉེ་བའི་ལོ་འགའི་རིང་ལ་ལས་ཞུགས་དེ“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་ཆེས་ཐོག་མར་བཞག་ནས་ལས་ཞུགས་བྱ་བར་སྐུལ་འདེད་བཏང་སྟབས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་བཅུའི་རིང་སྡོམ་རྩིས་བྱས་ན་མཁར་གྲོང་དུ་གསར་དུ་ལས་ཞུགས་བྱས་པའི་མི་དུང་ཕྱུར1.3ལ་སླེབས་པ་དང་། ལས་ཀ་ཤོར་བའི་མི་སྣར་སྐུལ་སློང་བྱས་ནས་ཡང་བསྐྱར་ལས་ཞུགས་བྱས་པའི་མི་གྲངས་ཁྲི5501ལ་སླེབས་ཡོད་པ་རེད།
2012ལོ་ནས2021ལོའི་བར། རང་རྒྱལ་དུ་རིམ་རྩིས་བྱས་ན་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁང་བསྒྱུར་བཀོད་བཀོད་སྒྲིག་སྡོད་ཁང་སྣ་ཚོགས་ཁྲི5900ལྷག་འཛུགས་སྐྲུན་བྱས་པ་དང་། ལོ་རེར་ཆ་སྙོམས་བྱས་ན་མ་མཐའི་འཚོ་བའི་འགན་སྲུང་མི་སྣ་ཁྲི4000ཡན་ལ་འགན་སྲུང་བྱས་ཤིང་། གཞི་རྩའི་སྨན་བཅོས་དང་། རྒན་གསོ་ཉེན་ཚབ་ཁྱབ་ཚད་སོ་སོར་མི་དུང་ཕྱུར13.6དང་མི་དུང་ཕྱུར10.4ལྷག་ལས་བརྒལ་ནས་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་གྲུབ་ཡོད། ཁྱབ་རྒྱ་ཆེས་ཆེ་བ་དང་དམིགས་གཏད་རང་བཞིན་ཆེས་དྲག་པའི་བྱེད་ཐབས་རེ་རེ་ཡིས་དམངས་ཚིས་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཡོད།
མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་དེ2012ལོའི་སྒོར25ནས2022ལོའི་སྒོར84བར་མཐོ་རུ་བཏང་བ་དང་། རྒྱལ་ཡོངས་སུ་རྒན་གསོ་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱི་མལ་ཁྲིའི་གྲངས་ཀ་དེ2012ལོ་ལས་ལྡབ་གཅིག་ཙམ་འཕར་ཞིང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་སྔར་ལས་ཤུགས་དང་ལྡན་པར་གྱུར། ཁབ་མིག་སྟོང་ལ་སྐུད་པ་ཁྲི་ཡི་དཔེ་བཞིན་དུ། དམངས་ཚིས་དོན་དངོས་རེ་རེར་བརྟན་འཇགས་སྒོས་སྐུལ་འདེད་བཏང་བས། དམངས་ཚིས་བདེ་སྐྱིད་དོན་དངོས་སྟེང་གོང་འཕེལ་བྱུང་།
“བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོ་ཞིག་ལ་ཕན་པ་ཐོབ་པར་བྱེད་དགོས།”
“དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་རྫོགས་མཐའ་མེད་ལ། བསྟུད་མུར་རྒྱུན་འཆད་མེད་པ་ནི་འགོ་རྩོམ་ས་གསར་པ་ཁོ་ན་ཡོད།”
སྐྱོད་ལམ་གསར་པར་ཞུགས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་དྲང་གཞག་གི་ཁེ་ཕན་དེ་མི་དམངས་ཡོངས་ལ་ཁྱབ་པར་བྱེད་པར་སྐུལ་འདེད་བཏང་།
མི་གྲངས་ཆིག་སྟོང་ལྷག་གི་ཁྲོད་དུ་སྨན་པ་དཀའ་བཅུ་པའི(ལས་རོགས་པ།)ཐོབ་གནས་ཡོད་པའི་གྲངས་ཀ3.2ལ་སླེབས་པ་དང་། ལོ་གསུམ་མན་གྱི་ཁྱེའུ་དང་བྱིས་པའི་བཅོལ་གནས4.5ཟིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ1མཐོ་རུ་ཕྱིན་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཀོད་སྒྲིག་བྱས་པའི་དམིགས་ཚད་གཙོ་བོ20ཡི་ཁྲོད་དུ། དམངས་ཚིས་བདེ་རྩར་ཐུག་པའི་དམིགས་ཚད7ལྷག་ཙམ་ཟིན་པ་དེས་ལོ་ལྔའི་འཆར་འགོད་རིམ་བྱུང་ཁྲོད་ཀྱི་ཆེས་མཐོ་ཤོས་ཡིན།
“གུང་ཁྲན་ཏང་ནི་མི་དམངས་ལ་དོན་དངོས་སྒྲུབ་མཁན་ཡིན་པས། མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བ་དང་། ལོ་རེ་ནས་ལོ་རེར་བསྡུར་ན་སྐྱིད་པོ་རོལ་རྒྱུ” ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་སུ་གཟུང་བའི་དམངས་ཚིས་ཡིན།
མི་དམངས་ལ་སྔར་ལས་ལེགས་པའི་འཚོ་བ་རོལ་རྒྱུ་ཡོད་པ་བྱ་དགོས་ན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་གནད་འགག་ཡིན།
“བད་དཀར་དུས་སུ། སྨྱུག་སྡོང་དལ་བུར་གཡོ་ཞིང་སིལ་རའི་ནང་དུ་སྟར་ཀ་མང་པོ་ཐང་མར་བརྡལ། ཟླ9པའི་ཚེས7ཉིན་ནི་བད་དཀར་དུས་ཚིགས་ཡིན་ལ། ཨན་ཧོས་ཧྲི་རྫོང་གི་མུའུ་འབུམ་གཅིག་ལྷག་ཙམ་གྱི་སྟར་ཀ་འཐོག་པའི་ཉིན་མོའང་ཡིན།
མུ་འཁྱུད་རི་རབ་ཀྱི་དབུས་སུ་མྱུག་སྡོང་ཡལ་ག་དལ་གྱིས་གཡོ་ཞིང་། ཤིང་ཏོག་ས་རུ་འཐོར་བའི་ཐག་སྒྲ་རེ་ཞིག་འཇགས་ཐབས་བྲལ། ཉོ་ཚོང་བརྗེ་རེས་ཀྱི་ཚོང་རའི་ནང་དུ། འཕྲུལ་འཁོར་སྣ་ཚོགས་ཀྱི་ལྡིར་སྒྲས་བར་སྣང་ཁེངས་ཤིང་། རྒྱུ་སྤུས་ལེགས་པའི་སྟར་ཀ་མང་པོ་ཞིག་མགྱོགས་མྱུར་སྒོས་ཚོང་རར་བཀྲམ་བཞིན་ཡོད།
ད་ལོར་ཧྲི་རྫོང་དུ་སྟར་ཀ་དང་ཤིང་ཏོག་གསར་བའི་ཐོན་ཚད་དེ་སྔོན་རྩིས་ལྟར་ན་ན་ནིང་ལས20%མཐོ་རུ་འཕར་བ་དང་། ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་རིན་འབོར་ཡང་ཇེ་མཐོར་འཕར་ཡོད། སྟར་ཀ་ཆུང་ཆུང་དེ་དག་ཀྱང་གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཏེ། ཞིང་པའི་ཡོང་འབབ་འཕར་སྣོན་བྱེད་པའི“གསེར་གྱི་ཤིང་འབྲས”ལྟ་བུར་གྱུར་ཡོད།
ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། རང་རྒྱལ་དུ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་བ་དང་། མགྱོགས་མྱུར་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་རྒྱུན་འཆད་མེད་པར་ཐག་གཅོད་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྟེང་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་གང་ལེགས་ཀྱིས་སྐོང་དགོས།
མི་དམངས་ལ་སྔར་ལས་ལེགས་པའི་འཚོ་བ་རོལ་་རྒྱུ་ཡོད་པ་བྱ་དགོས་ན། ངེས་པར་དུ་མི་དམངས་ཀྱི་བསམ་པའི་འཚོ་བ་རྒྱུན་འཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
རྒྱལ་ཁབ་ཀྱི་སྤྱི་པའི་སྤྲིན་རྩིས་རིག་གནས་དང་རིག་ལྡན་རླུང་བརྙན་འཕྲིན། རིག་ལྡན་དཔེ་མཛོད་ཁང་བཅས་འཛུགས་སྐྲུན་བྱས་ནས། “མི་དམངས་ཁྲོད་བསྐྱོད་པ”དང“སྤྲོ་སྣང་གཞི་རིམ་དུ་སྐྱེལ་བ”སོགས་ཀྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། སྤྱི་གླིང་སྔར་ལས་མང་པོ་རིན་མེད་ངང་སྒོ་འབྱེད་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་འཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད།
“མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་ཏང་གི་ལོ་ངོ་བརྒྱའི་རིང་གི་འགྱུར་མེད་དོན་གཉེར་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མི་རབས་ནས་མི་རབས་བརྒྱུད་ནས་འབད་སྒྲུབ་བྱེད་དགོས། ”ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་རོལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞི་རུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྐབས། གུང་ཁྲན་ཏང་མིའི་མི་དམངས་ཀྱི་བརྩེ་སེམས་སླར་ཡང་ཁྱབ་བསྒྲགས་གནང་བ་རེད།
མི་དམངས་ལ་སྔར་ལས་ལེགས་པའི་འཚོ་བ་རོལ་རྒྱུ་ཡོད་པ་བྱ་དགོས་ན། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་དེ་སྔར་ལས་གོ་གནས་གལ་ཆེན་ཞིག་ཏུ་འཇོག་པར་སྐུལ་མ་གཏོང་དགོས།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱས་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་རྗེས། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བ་བཏོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་རྩོམ་ས་གསར་པའི་སྟེང་མུ་མཐུད་དུ་འབད་བརྩོན་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ཐོག་སྔར་ལས་མངོན་གསལ་ཡིན་པའི་དོན་དངོས་རང་བཞིན་གྱི་འཕེལ་རིམ་ཞིག་ཏུ་ཐོན་པར་སྐུལ་འདེད་གོང་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད།
མཉམ་དུ་ཕྱུག་པོར་འགྱུར་བའི་དཔེ་སྟོན་ཁུལ་འཛུགས་བསྐྲུན་བྱེད་ཆེད། ཀྲེ་ཅང་ཞིང་ཆེན་གྱིས“ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱིའི་གཞི་ཁྱོན་རྒྱ་བསྐྱེད་པ”དང“ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་སྒོ་ཇེ་མཐོར་གཏོང་བ”ཐོད་བརྒལ་རང་བཞིན་གྱི་དམ་འཛིན་བྱས་ཏེ། ལག་རྩལ་བཟོ་པ་དང་ཚན་ཞིབ་མི་སྣ། བྱང་ཚད་མཐོ་བའི་ཞིང་པ་སོགས་ཚོགས་སྤྱི་རིགས9དེ“ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱིའི་གཞི་ཁྱོན་རྒྱ་བསྐྱེད་པའི”གཙོ་གནད་དུ་བརྩིས་ནས། བགོ་བཤའི་ལམ་སྲོལ་ཇེ་ལེགས་སུ་བཏང་སྟེ། གཙོ་གནད་མི་སྣ་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱིར་སྐྱོད་ཐུབ་པའི་ལམ་བུ་བཏོད་དགོས།
གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་གཏོང་བ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་བསྐྱེད་དུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་བཀོད་སྒྲིག་གཞིར་བཟུང་ནས། བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པས་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་ཏན་ཏིག་ངང་བསྐྱོད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་ངེས་ཡིན།
སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་དགོས།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་བརྒྱའི་ཏང་ཆེན་པོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་མི་འཆད་པར་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་དང་། ཀྲུང་ཧྭའི་བུ་བུ་མོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་ཡང་བསྐྱར་འོད་སྟོང་འབར་བའི་བྱས་རྗེས་བསྐྲུན་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།