ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་ཐོག་གི་དུས་རབས་ཀྱི་རྒྱུགས་ལན།
2022.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

—དུས་རབས་གསར་པར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་བརྗོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཡང་དུས་རབས་གསར་པར་སླེབས་པ་རེད།

མི་དམངས་དམག་དཔུང་གི་ལོ་བཅུ་པོ་འདི་ནི་དཀའ་སྤྱད་ཀྱི་ཁྲོད་ནས་འཕེལ་རྒྱས་བྱུང་བའི་ལོ་བཅུ་དང་། དམག་དཔུང་སྟོབས་ལྡན་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལོ་བཅུ་ཡིན་ལ། གོམ་སྟབས་ཆེན་པོས་འཛམ་གླིང་གི་རྩེར་སོན་ཕྱོགས་སུ་སྐྱོད་པའི་ལོ་བཅུ་བཅས་ཡིན།

དུས་རབས་གསར་པར་སླེབས་རྗེས།   ཀྲུའུ་ཞི་ཞི་ཅིན་ཕིང“སྤྱི་ཡོངས་གཉིས”གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། དུས་རབས་གསར་པའི་ནང་ཏང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་གསལ་པོར་བཏོན། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་གཏན་འཁེལ་བྱས་ཏེ། 2027ལོར་སླེབས་སྐབས། དམག་དཔུང་འཛུགས་སྐྲུན་གྱི་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འཛམ་གླིང་ཐོག་གི་དམག་དཔུང་རྩེར་སོན་པའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི“གོམ་སྟབས་གསུམ”གྱི་འཐབ་ཇུས་གསར་པ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་བཅས་གཏན་འབེབས་བྱས། མི་དམངས་དམག་དཔུང་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

ཏང་གི་བཀོད་འདོམས་ལ་ཉན་པ་དང་། དད་སེམས་བརྟན་པོ་བྱས་ཏེ། ཏང་གིས་མཐའ་གཅིག་ཏུ་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་སྔར་ལས་སྲ་བརྟན་དུ་གཏོང་དགོས།

མི་དམངས་དམག་དཔུང་རྒྱུན་འཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་འགག་རྩ་ནི་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱ་རྒྱུར་ཐུག་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རླབས་ཆེའི་ཉམས་བརྗིད་ཀྱི་དམག་དཔུང་སྟོབས་ལྡན་གཏོང་བའི་ལག་ལེན་ཁྲོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམག་ཡོངས་སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་དགོངས་པ་སྟེ་ཏང་གི་དམག་དོན་མཛུབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་བཏོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་འདོན་སྤྲོད་བྱས་ཡོད།

རྒྱལ་ཁབ་སྟོབས་ལྡན་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ལྡན་གཏོང་བ་དང་། དམག་དཔུང་སྟོབས་ལྡན་བཏང་ཚེ་གཞི་ནས་རྒྱལ་ཁབ་བདེ་ལ་འགོད་ཐུབ།

2013ལོའི་ཟླ3པར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་གནས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་ཡིན”ཞེས་ནན་ཏན་སྒོས་ཁྱབ་བསྒྲགས་གནང་བ་རེད།

2017ལོའི་སྟོན་དུས་སུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཀོད་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་བསམ་བློ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་ཏུ་གཏན་འཁེལ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ལྟེ་བའི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་སྙིང་བསྡུས་བྱས་པ་དང་། དེའི་ནང་གཅིག་ནི“དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་ཏང་གི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱས་ནས། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་རེད།

དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་ནི། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དོན་གཉེར་བྱེད་པ་དང་། དམག་དཔུང་སྟོབས་ལྡན་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ཁྱོན་ཡོངས་ལ་དམིགས་པ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་འཛུགས་རྒྱུ་བཅས་རེད།

དེའི་ཁྲོད། ཏང་གི་བཀོད་འདོམས་ལ་ཉན་པ་ནི་བླ་སྲོག་ལྟ་བུ་ཡིན་པས། དམག་དཔུང་འཛུགས་སྐྲུན་གྱི་ཆབ་སྲིད་ཁ་ཕྱོགས་གཏན་འཁེལ་བྱེད་དགོས།

ཀུའུ་ཐན་ནི་ང་ཚོའི་ཏང་གིས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུའི་རྩ་དོན་གཏན་འཁེལ་བྱས་པའི་ས་ཆ་ཞིག་རེད། 1929ལོར། རང་རེའི་དམག་གི་ཆབ་སྲིད་བྱ་བ་གནས་དེ་རུ་རྨང་བཏིང་བ་དང་། མི་དམངས་དམག་དཔུང་གསར་པ་གནས་དེ་ནས་གཏན་འཁེལ་བྱས་པ་རེད།

2014ལོའི་སྟོན་དུས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་ཐག་གཅོད་པ་དང་ཀུའུ་ཐན་གྱི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ལ་འགོ་འཛིན་མཛད་དེ། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུའི་ཐད་བཀོད་སྒྲིག་གནང་ཞིང་། ཁོང་གིས“ཏང་གིས་མཐའ་གཅིག་ཏུ་དམག་དཔུང་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་དམག་དཔུང་སྟོབས་ལྡན་གཏོང་བའི་བླ་སྲོག་ལྟ་བུ་ཡིན་པ་དང་། དམག་དཔུང་གི་བླ་སྲོག་བརྟན་པོ་འཛུགས་རྒྱུ་དེ་ནི་རང་རེའི་དམག་གི་ཆབ་སྲིད་བྱ་བའི་སྲོག་ཤིང་གི་ལས་འགན་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་གཏོང་མི་རུང”ཞེས་ནན་བཤད་གནང་བ་རེད།

ཀུའུ་ཐན་ནས་སླར་ཡང་འགོ་བཙུགས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐད་དུས་རབས་ཀྱི་ལེའུ་གསར་པ་ཞིག་བཏོད་དེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དམག་དཔུང་སྟོབས་ལྡན་གཏོང་བའི་བླ་སྲོག་དེ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་སྣོན་རྒྱག་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག “ཏང་གིས་མཐའ་གཅིག་ཏུ་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་མོར་གཏན་འཁེལ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་ནང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིས་འགན་འཁྲི་འཁུར་བའི་ལམ་ལུགས་ལག་ལེན་བསྟར་བའི་ནང་དོན་ཁ་སྣོན་བརྒྱབ་སྟེ། ཏང་གིས་མཐའ་གཅིག་ཏུ་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་ལམ་ལུགས་དང་རྩ་བའི་མངོན་འགྱུར་བྱེད་སྟངས་དེ་ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད། 2018ལོའི་ཟླ8པར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཏང་འཛུགས་སྐྲུན་གྱི་གྲོས་ཚོགས་འཚོགས་ནས། དུས་རབས་གསར་པར་རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས《དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་འབྲེལ་ཡོད་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་།《དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར》སྔ་རྗེས་སུ་པར་འགྲེམས་བྱས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་རེད།

ཏང་གི་དར་ཆའི་འོག “ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་འགན་འཁུར་བ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་དགོངས་བདེ་པོ་ཡོང་བར་བྱེད་པ”བཅས་བྱ་རྒྱུ་དེ་དམག་ཡོངས་ཀྱི་དཔོན་དམག་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ནས། ལྷག་བསམ་རྣམ་དག་དང་དྭངས་གཙང་། བློས་འགེལ་ཆོག་པ་བཅས་ཀྱི་ཁག་ཐེག་བྱས་ཡོད།

བདེན་དོན་གྱི་འོད་སྣང་གིས་དམག་དཔུང་སྟོབས་ལྡན་གཏོང་བའི་ལམ་བུར་སྣེ་ཁྲིད་པ་དང་། དད་མོས་ཀྱི་འོད་སྣང་གིས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་སྟོན་ངེས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རེའི་དམག་དཔུང་གི་མ་འོངས་པ་ཇུས་འགོད་དང་གསར་བཟོ་བྱ་རྒྱུར་དམིགས་ནས། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་གཏོང་བའི་འཐབ་ཇུས་བཏོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཆེས་རྒྱ་ཁྱབ་དང་ཆེས་གཏིང་ཟབ་པའི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་བྱ་རྒྱུར་འགོ་ཁྲིད་གནང་བ། སྐུ་དངོས་སུ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བྱེད་ཕྱོགས་ཁྲོད་བཞག་ནས། རྩ་བའི་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བ་རེད།

རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་དང་། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་བྱེད་པར་དམིགས་ཏེ། སྒྲིག་སྲོལ་ཇུས་འགོད་དང་ལམ་ལུགས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། ཏང་གིས་མཐའ་གཅིག་ཏུ་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་སྔར་ལས་སྲ་བརྟན་དུ་བཏང་བ་མ་ཟད་འཐུས་ཚང་དུ་བཏང་ཡོད།

མི་དམངས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དེང་རབས་ཀྱི་དམག་དོན་སྟོབས་ཤུགས་མ་ལག དམག་དོན་སྲིད་ཇུས་ལམ་ལུགས་བཅས་བསྐྱར་སྒྲིག་བྱས་ཏེ། དངོས་ཞབས་དམག་མི་འབུམ་གསུམ་ཉུང་འཕྲི་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཡོངས་ལ་དོ་དམ་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོ་བོ་བྱེད་པ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོ་བྱེད་པ་བཅས་ཀྱི་རྣམ་པ་གསར་པ་ཆགས་པ་དང་། དམག་འཐབ་སྟོབས་ཤུགས་གཙོ་བོ་བྱེད་པའི་དམག་དོན་སྟོབས་ཤུགས་མ་ལག་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་ལམ་ལུགས་མ་ལག་གི་གཞི་རྩའི་སྒྲོམ་གཞི་ཆགས་པ་དང་། མི་དམངས་དམག་དཔུང་གི་སྒྲིག་སྲོལ་གསར་པ་གཅིག་དང་། གྲུབ་ཚུལ་གསར་པ། བཀོད་པ་གསར་པ། རྣམ་པ་གསར་རྐྱང་བཅས་སུ་གྱུར་ཡོད།

ཡང་བསྐྱར་ལམ་ལ་ཆས། མི་དམངས་དམག་དཔུང་གི་ཐོག་མའི་བསམ་འདུན་ནི་དད་སེམས་བརྟན་པོ་བྱེད་རྒྱུ་དེ་ཡིན།

དམག་འཁྲུག་ལ་གྲ་སྒྲིག་དང་འགན་འཁྲི་འཁུར་བ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་སྔར་ལས་ཆེ་རུ་ཕྱིན་པ།

“ངས་བསམ་ཚུལ་མང་ཆེ་ཤོས་ནི་ཏང་དང་མི་དམངས་ལ་དགོས་མཁོ་ཆེ་བའི་སྐབས་སུ། ང་ཚོའི་དམག་དཔུང་འདིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། འགོ་ཁྲིད་མཁན་རིམ་པ་སོ་སོས་དམག་མི་ཁྲིད་ནས་དམག་འཐབ་རྒྱག་ཐུབ་མིན་དང་དམག་འཐབ་རྒྱག་རྒྱུར་བཀོད་འདོམས་བྱེད་ཐུབ་མིན་དེ་རེད།”

སྤྱི་ཁྱབ་བཀོད་འདོམས་པས་བཏོན་པའི“དམག་འཐབ་ལས་རྒྱལ་ཁ་ཐོབ་པའི་འདྲི་གཞིར”བརྟེན་ནས་རྨོངས་སད་ཡོང་བ་བྱེད་དགོས། “འཐབ་འཛིང་ནུས་ཤུགས་ཀྱི་ཚད་གཞིའི་གྲོས་བསྡུར་ཆེན་པོ”ཞིག་ནི་བསམ་བློའི་རླུང་འཚུབ་ལྟ་བུ་རེད།

དམག་ཡོངས་ཀྱི་དཔུང་སྡེས་བཀའ་ལ་ཉན་པ་དང་། བྱ་སྤྱོད་སྤེལ་བ། དམག་འཐབ་ནུས་པ་བཅས་ཀྱི་རྩ་བའི་ཚད་གཞི་འགའ་ཞིག་ལ་དམ་པོར་དམིགས་ནས། བྱ་བའི་གཙོ་གནད་དེ་དམག་གྲབས་ཀྱི་ཐོག་འཇོག་དགོས།

2017ལོའི་ཟླ11པའི་ཚེས3ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཆས་སྤྲས་ནས་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོ་རུ་ཕེབས་པ་དང་། “དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་རྣམ་འགྱུར་གསལ་སྟོན་གྱིས་རང་ཉིད་ནས་འགོ་འཛུགས་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་ནས་འགོ་བཙུགས་ཏེ་དམག་གྲབས་དམག་འཐབ་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས”ཞེས་གསལ་པོར་བསྟན་ཡོད།

དངོས་འཐབ་སྔོན་ལ་ངེས་པར་དུ་སྦྱོང་བརྡར་བྱེད་དགོས།

2018ལོའི་ལོ་གསར་པའི་ནང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྦྱོང་བརྡར་བྱ་རྒྱུའི་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཆས་སྤྲས་པ་དང་གྲང་ངར་ལ་མ་འཛེམས་པར་དམག་ཡོངས་ལ་བཀའ་སློབ་ཁྱབ་བསྒྲགས་གནང་བ་རེད། འདི་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོར་གཅིག་གྱུར་རྩ་འཛུགས་བྱས་ནས་དམག་ཡོངས་ཀྱི་འགོ་རྩོམ་སྦྱོང་བརྡར་ལ་སྐུལ་སློང་བྱས་པ་རེད། 2022ལོར་སླེབས་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་ལོ་ལྔའི་རིང་དམག་ཡོངས་ལ་སྦྱོང་བརྡར་བྱེད་འགོ་ཚུགས་པའི་སྐུལ་སློང་བཀའ་རྒྱའི་ཁྱབ་བསྒྲགས་གནང་བ་རེད།

རྒྱལ་ཁ་ལེན་ཐུབ་པ་ནི་སྲོག་ཤིང་ཡིན་ཞིང་། དེས་དམག་དཔུང་གི་རྩ་བའི་འགན་ནུས་དང་དམག་དཔུང་འཛུགས་སྐྲུན་གྱི་རྩ་བའི་ཕྱོགས་སྟོན་མཚོན་ཡོད། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་བྱེད་པར་ངེས་པར་དུ་དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་འགག་རྩར་དམ་འཛིན་བྱེད་དགོས།

2016ལོའི་ཟླ་དང་པོར། གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འགན་ནུས་སྡེ་ཁག15འགྲེམས་སྟོན་བྱས་པ་རེད། དེའི་ཁྲོད་དུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་བྱུང་བ་དེར་མི་རྣམས་ཀྱིས་དོ་སྣང་བྱས་པ་དང་། ཀྲུང་གོའི་དམག་དཔུང“གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བྱེད་པའི་དུས་རབས་སུ་སླེབས་པ”ངོས་འཛིན་བྱས་པ་རེད།

དམག་དཔུང་སྟོབས་ལྡན་གཏོང་བའི་སྐྱོད་ལམ་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚན་རྩལ་ནི་ལྟེ་བའི་དམག་འཐབ་ནུས་པ་ཡིན་པའི་ཆོད་གཏམ་གལ་ཆེན་གནང་ནས། གསར་སྐྲུན་རྣམ་པའི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་བཀའ་རྒྱ་བཏང་སྟེ། གསར་སྐྲུན་བྱ་རྒྱུ་དེ་རང་དམག་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་དགོས་པའི་བླང་བྱ་གསལ་བོ་གནང་བ་རེད།

དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཐབས་ལམ་ནི་མི་བཀོལ་སྤྱོད་བྱེད་ཐུབ་མིན་དེ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། དམག་གྲབས་དང་དམག་འཐབ་ཤེས་ལྡན་པའི་གསོ་སྐྱོང་ལ་དམིགས་པ། དམག་དོན་མི་སྣའི་དེང་རབས་ཅན་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། དམག་དོན་གྱི་མི་ཤུགས་ཐོན་ཁུངས་དང་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣའི་ཁྱབ་ཁོངས་སྒོ་འབྱེད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མི་དམངས་དམག་དཔུང་གིས་འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཉག་ཅིག་ལ་དམ་པོར་དམིགས་པ་དང་། དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་ཞེས་པའི་རྩ་བའི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས། འཐབ་ཇུས་ཀྱི་སྟོབས་ཤུགས་དང་ས་ཁོངས་གསར་པ་དང་སྤུས་ཚད་གསར་པའི་དམག་འཐབ་སྟོབས་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་དང་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ། དམག་འཐབ་སྦྱོང་བརྡར་ཟུང་དུ་འབྲེལ་བར་སྐུལ་སྤེལ་ཤུགས་ཆེན་བྱེད་པ། མ་ལག་སྦྱོང་བརྡར་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པ། ཚན་རྩལ་སྦྱོང་བརྡར་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པ། དམག་དོན་སྦྱོང་བརྡར་ཚུལ་སྒྱུར་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་དམ་འཛིན་བྱེད་པ། དམག་འཐབ་ཀྱི་སྙིང་སྟོབས་གསོ་སྤེལ། དེང་རབས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོན་ཆ་དང་སྒྲིག་ཆས་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱས་ཏེ། རང་དམག་གི་ཟིལ་ཤུགས་དང་དངོས་འཐབ་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

“རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་སྔར་ལས་ཡག་པོ་སྒྲུབ་དགོས།” 2020ལོའི་ཟླ10པའི་ཚེས23ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་མེ་འགོག་ཁྲའོ་རོགས་ལ་དམག་འཐབ་བྱས་ནས་ལོ70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དེ་ནི་བརྗིད་ཆེའི་ཉམས་དང་ལྡན་པ་ཞིག་རེད།

ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དམག་འཐབ་རྒྱག་ཐུབ་ན་དམག་འཐབ་ལ་མཚམས་འཇོག་ཐུབ་ངེས་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་པ་དང་། སྟོབས་དང་ལྡན་པའི་དེང་རབས་ཀྱི་མཐའ་མཚམས་མཚོ་སྲུང་དང་མཁའ་སྲུང་བཅས་འཛུགས་སྐྲུན་བྱས། སྟབས་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ་དང་། ཕྱི་ཕྱོགས་ཀྱི་དམག་དོན་འཁྲུག་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་བ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྤྱོད་ངན་ལ་ཟིལ་ཤུགས་སྟེར་བ།རིམ་གྱིས་མཐའ་སྲུང་འཐབ་རྩོད་དང་། མཚོ་ཐོག་གི་ཁེ་དབང་སྲུང་སྐྱོབ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོབ། ཉེན་སེལ་གནོད་སྐྱོབ། རིམས་ནད་ལ་འགོག་རྒོལ། ཞི་བདེ་སྲུང་སྐྱོབ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ། རྒྱལ་སྤྱིའི་དམག་དོན་མཉམ་ལས་སོགས་ཀྱི་ལས་འགན་གལ་ཆེན་ལག་བསྟར་བྱས་ནས། ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་དམག་དཔུང་གི་འགན་འཁྲི་འཁུར་སེམས་བཅངས་ནས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

སྤྱོད་ཚུལ་བཟང་པོའི་རང་བཞིན་ནམ་ཡང་གནས།—མི་དམངས་དམག་དཔུང་གི་མངོན་གསལ་གྱི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་སྔར་ལས་སྲ་བརྟན་དུ་གཏོང་དགོས།

“སྤྱོད་ཚུལ་བཟང་ན་གཞི་ནས་དཔའ་བོའི་དཔུང་སྡེ་བསྐྲུན་ཐུབ་པ་དང་། སྤྱོད་ཚུལ་ལྷོད་གཡེང་ཡིན་ན་རྒྱུན་ལྡན་གྱི་རྒྱལ་ཁ་ཐོབ་པའི་དཔུང་སྡེ་ཞིག་མེད་པར་གཏོང་ཐུབ”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསླབ་བྱ་ནན་ཏན་གནང་བ་རེད།

ཏང་གི་དར་ཆའི་འོག་མི་དམངས་དམག་དཔུང་གིས་ཏང་གི་དམིགས་ཡུལ་དེ་རང་ཉིད་ཀྱི་རྩ་བའི་དམིགས་ཡུལ་ལ་བརྩིས་ནས། ཡུན་རིང་གི་དམག་འཐབ་དང་འཛུགས་སྐྲུན་གྱི་ལག་ལེན་ཁྲོད། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཆ་ཚང་ཞིག་གསོ་སྐྱོང་དང་ཆགས་པར་བྱས་ཡོད། དེ་ནི་རང་དམག་གི་ཁྱད་ཆོས་མངོན་གསལ་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན་ལ། འཐབ་འཛིང་ནུས་ཤུགས་སུ་གྲུབ་པའི་རྒྱུ་རྐྱེན་གལ་ཆེན་དང་དགྲ་འདུལ་གཡུལ་རྒྱལ་བྱེད་པའི་ཐབས་མཆོག་ཀྱང་རེད།

སྤྱོད་ཚུལ་བཟང་པོ་ནི་ཁག་ཐེག་ཡིན་ལ། དམག་དཔུང་གི་ངོ་བོ་དང་དམིགས་ཡུལ། རང་མདངས་བཅས་དང་འབྲེལ་བ་ཡོད།

“རང་རེའི་དམག་དཔུང་སྟོབས་ལྡན་གཏོང་བར་སྤྱོད་ཚུལ་ངེས་པར་དུ་ཉམས་སད་ཐེག་ཐུབ་པ་བྱེད་དགོས། དེ་ལྟར་མ་བྱས་ཚེ་རྩ་བརླག་ཏུ་འགྲོ་སྲིད།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་ལྷོད་མེད་གནང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་གོང་གི་དུས་སྐབས་ཤིག་གི་རིང་ལ། རང་རེའི་དམག་དཔུང་གི་མདུན་དུ་ལྷགས་པའི་ཆབ་སྲིད་ཀྱི་ཉེན་ཁ་ཚབས་ཆེན་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེན་ཁ་མྱུར་སེལ་དང་ཇེ་བརྟན་དུ་གཏོང་བར་རོགས་སྐྱོར་ཤུགས་ཆེན་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་དམག་དཔུང་ནན་མོས་སྐྱོང་རྒྱུ་དམ་འཛིན་ལྷོད་མེད་གནང་ནས་མི་དམངས་དམག་དཔུང་གི་ཉམས་ཉེན་སེལ་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀུའུ་ཐན་གྱི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་འཚོག་པར་འགོ་ཁྲིད་གནང་ནས། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་འཛུགས་ལ་བཀོད་སྒྲིག་གནང་པ་དང་། རང་རེའི་ཏང་དང་རང་རེའི་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སླར་གསོ་དང་དར་སྤེལ་བཏང་། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་སྒྲིག་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། དམག་དཔུང་གི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། ཀའོ་པོ་ཞུང་དང་ཞུས་ཚའེ་ཧིག ཧྥང་ཧྥིན་ཧོས། ཀྲང་དབྱང་སོགས་ཁྲིམས་འགལ་ལུགས་དཀྲུག་ཚབས་ཆེན་གྱི་གྱོད་གཞི་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་དགོས་པ་མ་ཟད་དེའི་དུག་རྒྱུན་གྱི་ཤུགས་རྐྱེན་གཙང་སེལ་མཐར་ཕྱིན་བྱས་ཏེ། མི་དམངས་དམག་དཔུང་གི་ཆབ་སྲིད་སྐྱེ་ཁམས་རྩ་བ་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

“སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་བྱ་བ་ནན་ཏན་སྒོས་སྤེལ་བ་དང་། དམག་དཔུང་འཛུགས་སྐྲུན་དང་དོ་དམ་གྱི་རིམ་པ་ཚང་མར་ལག་བསྟར་བྱེད་པ། བདེན་འཚོལ་དང་དངོས་གཉེར། དོན་འཁྱོལ་བཅས་ཀྱི་ཐད་དངོས་གནས་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་སྟོབས་ལྡན་གཏོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་བཅས”བཀའ་གསུང་ཡང་ཡང་གནང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་སྟོབས་ལྡན་གཏོང་བའི་རྨང་གཞི་དེ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཡོད།

2014ལོའི་སྟོན་དུས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་པ་བརྒྱུད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་། དམག་དཔུང་གཟབ་ནན་གྱིས་སྐྱོང་རྒྱུ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ལས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་བཀོད་སྒྲིག་ནང་བཅུག་པ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་བསྐྲུན་རྒྱུ་དེ“མྱུར་བགྲོད་ལམ་བུར”སླེབས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱ་རྒྱུ་ནི་དམག་དཔུང་སྟོབས་ཆེར་གཏོང་བའི་རྨང་གཞི་ཡིན་ལ་། རང་རེའི་ཏང་གིས་དམག་དཔུང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཇུས་གཞི་ཆེན་མོ་ཞིག་ཡིན་པ་དང་། མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱས་ཏེ་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་པ། དམག་དཔུང་བཅོས་སྐྱོང་བྱེད་སྟངས་ཀྱི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་བ། དམག་ཡོངས་ཀྱི་ཁྲིམས་སྐྱོང་དད་སེམས་དང་ཁྲིམས་སྐྱོང་གི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་དམག་དཔུང་ནན་མོས་སྐྱོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་སྐྱོད་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་བསམ་བློའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད།

ད་ལྟ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་དང་དེ་བས་ཉེ་བཅར་ཐུབ་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་མི་དམངས་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་དགོས།

སྐྱོད་ལམ་གསར་པའི་སྟེང་། མི་དམངས་དམག་དཔུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་བསམ་བློ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འགྱུར་བར་བྱེད་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།