ནོར་གནག་ཐོན་ལས་ཀྱིས་སྣེ་ཁྲིད་པའི་འཚོ་བའི་འཕོ་འགྱུར།
2022.09.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 76

ཞོགས་པའི་ཉི་ཟེར་ཡངས་པའི་རྩྭ་ཐང་དུ་འཕྲོས་བ་དང་མཉམ་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཡུལ་ཚོ་གུར་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགན་འཛིན་པ་ཚེ་བརྟན་གྱི་ཉིན་གཅིག་གི་བྲེལ་འཚུབ་ཀྱི་བྱ་བའི་མགོ་བརྩམས། མཉམ་ལས་ཁང་གི་རྒྱུད་བཟང་ནོར་གནག་སུམ་བརྒྱ་ལྷག་གསོ་སྤེལ་བྱེད་རྒྱུ་དེ་ནི་དེ་འབྲའི་སླ་མོ་ཞིག་མིན་ཏེ། ཉིན་གཅིག་གི་ལས་ཀའི་མགོ་བརྩམས་རྗེས་ཆུ་ཁམ་གང་འཐུང་བའི་དུས་ཚོད་ཀྱང་མི་འདུག ལས་ཀ་དེར་དེ་འདྲའི་དཀའ་ཚེགས་ཆེ་ནའང་ཚེ་བརྟན་གྱི་སེམས་སུ་ཉིན་རྒྱུན་དུ་སྤྲོ་སྣང་གིས་ཁེངས་ཡོད།  རྒྱུ་མཚན་ནི་རྒྱུད་བཟང་ནོར་གནག་དེ་དག་ནི་རྗེས་ཕྱོགས་སུ་མཉམ་ལས་ཁང་དེའི་རིན་པོ་ཆེ་ཡིན་པ་གསལ་བོར་ཤེས་ཡོད་པས་རེད།

ནོར་གནག་ནི་མདོ་དབུས་མཐོ་སྒང་དུ་འཚོ་བའི་སེམས་ཅན་ཞིག་ཡིན་ཞིང་མཐོ་སྒང་གི་གྲུ་གཟིངས་ཞེས་ཀྱང་འབོད་ཀྱི་ཡོད། མཚོ་སྔོན་གྱི་ནོར་གནག་གི་ཐོན་ལས་དེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོན་ལས་དང་པོར་གྱུར་ཡོད། ཐུན་ཏེ་རྫོང་ནི་མཚོ་སྔོན་གྱི་ཕྱུགས་ལས་འཕེལ་རྒྱས་ཅུང་སྔ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན་པའི་ཆ་ནས་ནོར་གནག་གསོ་སྤེལ་གྱི་གཞི་ཁྱོན་ཅུང་ཆེ་ལ་སྤུས་ཚད་ཅུང་ལེགས་པའི་གཅིག་བསྡུས་ས་ཁུལ་ཞིག་ཡིན། བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་བཞི་དང་ཁྲི་གཉིས་སྟོང་བརྒྱད་ཡོད་ལ་ནོར་གནག་འབུམ་གསུམ་དང་ཁྲི་གཉིས་སྟོང་གཉིས་དང་ལྔ་བརྒྱ་ཡོད།

ཉེ་ལམ།  གསར་འགོད་པ་ཐུན་ཏེ་རྫོང་ནོར་གནག་དཔེ་སྟོན་འཛུགས་སྐྲུན་ཡུལ་དངོས་སུ་འགྲོ་དུས། ཡངས་པའི་སྤང་ཐང་དུ་ནོར་གནག་མང་པོ་ཁྱུ་དང་ཁྱུ་བྱས་ནས་མཐོང་ཐུབ། ཐུན་ཏེ་རྫོང་ཞིང་ཕྱུགས་དང་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་འབྲུག་སེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་ཀྱི་མཐོ་སྒང་རྒྱུད་བཟང་ཕྱུགས་རའི་རྨང་གཞིའི་སྟེང་འཛུགས་སྐྲུན་བྱས་པའི་དཔེ་སྟོན་གླིང་ཁུལ་དེས་ཐུན་ཏེ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་གཉིས་ཀྱི་སྡེ་བ་བཅོ་བརྒྱད་ལ་ཁྱབ་པ་དང་། འབྲོག་ཁྱིམ་སྟོང་གསུམ་དང་བརྒྱ་དང་ཉེར་བཞིའི་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་ལ་འབྲེལ་བ་ཡོད་པ་དང་། ནོར་གནག་གི་གྲངས་ཀ་དེ་ཉིས་སྟོང་བཅུ་གཅིག་ལོའི་འབུམ་གཅིག་དང་ཁྲི་གསུམ་ནས་ཉིས་སྟོང་ཉེར་གཅིག་ལོའི་འབུམ་གསུམ་དང་ཁྲི་གཉིས་སྟོང་གཉིས་ལྔ་བརྒྱ་རུ་འཕར་ཡོད། ནོར་གནག་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་ཐོན་རིན་དེ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་བཞི་ལ་སླེབས་ནས་ཐུན་ཏེ་རྫོང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད་ཟེར།

ཉིས་སྟོང་བཅུ་གཉིས་ལོའི་སྔོན་དུ། ཐུན་ཏེ་རྫོང་གི་ནོར་རྒྱུད་བཟང་བ་དང་མཐོ་སྒང་ནོར་གནག་གི་ནོར་རྒྱུད་སྤེལ་བའི་གཞི་རྒྱུ་བརྟན་པོ་ཡོད་པ། གཟུགས་བོངས་ཆེ་ཞིང་ལྗིད་ཚད་མཐོ་བ།  མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་དུ་གསོན་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་མི་དམངས་མང་ཚོགས་ཀྱིས་ཁས་ལེན་དང་དགའ་བསུ་ཐོབ།

ཇི་ལྟར་བྱས་ནས་སྤུས་རྟགས་ཨང་དང་པོ་ཞེས་པའི་མིང་བྱང་ལ་བརྟེན་ནས། རྒྱུད་བཟང་ནོར་གནག་གི་ཐོན་ལས་དེ་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་འགྱུར་བར་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་ལ་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱང་མཉམ་སྤྱོད་ཐུབ་པར་བྱེད་པའི་ཆེད་དུ་ཐུན་ཏེ་རྫོང་གིས་ནུས་པ་ཆེན་པོ་བཏོན།

ཉིས་སྟོང་བཅུ་གཉིས་ལོའི་སྔོན་དུ།  རང་བྱུང་ཁོར་ཡུག་གི་གནས་བབ་སྡུག་པ་དང་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ། ཐོན་ཁུངས་ཧ་ཅང་དཀོན་པ། ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པར་མ་ཟད་ཐོན་སྐྱེད་བྱེད་སྟངས་རགས་ལས་ཡིན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཐུན་ཏེ་རྫོང་དེ་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཆེས་ཞན་པ་དང་དབུལ་ཕོངས་ཀྱི་ཚད་གཞི་ཆེས་མཐོ་བའི་རྫོང་ཞིག་ཡིན།

ལོ་ངོ་གསུམ་གྱི་དམིགས་བསལ་རིགས་ཀྱི་དབུལ་སྐྱོར་འཐབ་ཇུས་དང་མཁྲེགས་གཏོར་སྡེ་བ་ལྟ་བུའི་གཅིག་བསྡུས་དབུལ་སྐྱོར་མཁྲེགས་གཏོར་བྱས་པ་བརྒྱུད། ཐུན་ཏེ་རྫོང་གིས་དུས་ཡུན་རིང་བོར་ཞིང་ཆེན་ཡོངས་སུ་ཆེས་དབུལ་ཤོས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་མ་ཟད། ཏང་གི་མགོ་ཁྲིད་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཏང་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་བྱེད་པའི་ཐུན་ཏེ་ཡི་རྣམ་པ་ཞིག་བཏོད་ཡོད། དེའི་རིང་ལ་རྒྱུད་བཟང་ནོར་གནག་གི་ཁྱད་ལྡན་ཐོན་ལས་ཀྱིས་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་འཐབ་མགོ་བརྩམས་རྗེས།  ཐུན་ཏེ་རྫོང་གིས་ནོར་གནག་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས།  ནོར་གནག་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། མང་ཚོགས་ཕྱུགས་འགྱུར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་འབེན་དུ་བཟུང་སྟེ། རྒྱུད་བཟང་འདེམས་གསོ་གསོ་སྤེལ་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།  ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐུན་ཏེ་རྫོང་གི་ནོར་གནག་གི་རྒྱུ་སྤུས་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་ནས། ཁུལ་དང་རྫོང་གཞན་ལ་ཚད་ལྡན་གྱི་འབྲི་གཡག་སྟོང་བཞི་དང་དྲུག་བརྒྱ་འདོན་སྤྲོད་བྱས་པར་མང་ཚོགས་ལ་སྒོར་མོ་ས་ཡ་དགུ་དང་འབུམ་གཉིས་ཀྱི་ཡོང་འབབ་ཡོད་པར་གྱུར།

མིག་སྔར།  འབྲི་གཡག་འབྲིང་གྲས་ཤིག་གི་ལྗིད་ཚད་སྤྱི་རྒྱ་ཉིས་བརྒྱའི་ཡན་ཡིན་པ་དང་དེ་སྒོར་མོ་ཁྲི་གཅིག་ཙམ་ལ་བཙོང་ཐུབ་ཀྱི་ཡོད། དེ་ལྟར་བྱས་ན་མ་རྩ་སྒོར་མོ་སྟོང་བདུན་ཕུད་རྗེས་སུ་སྒོར་མོ་སྟོང་གསུམ་ཙམ་གྱི་ཁེ་སྤོགས་ལེན་ཐུབ།

ད་ལོ་ཐུན་ཏེ་རྫོང་གིས་འབྲི་གཡག་ཐོན་ཁུལ་གྱི་ཐོན་རྫས་གཙོ་བོ་འདེམས་གསོ་བྱེད་པའི་དགོས་མཁོ་བསྐངས་ནས་ཁྱབ་འགྱེད་ཁུལ་གྱི་འབྲི་གཡག་གི་ཐོན་སྐྱེད་ནུས་པ10%ཡན་མཐོ་རུ་ཕྱིན་ཡོད།དེ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་བྱེད་པའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན་ཞེས་འབྲུག་སེང་རྒྱལ་གྱིས་མཚམས་སྦྱོར་བྱས།

སྔོན་ཆད་འབྲོག་པ་རྣམས་ལ་ལྟོ་གོས་ཙམ་རྒྱུན་འཁྱོངས་ཐུབ་པར་བྱེད་པ་ནས་ད་ལྟ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཐུན་ཏེ་རྫོང་གིས་འབྲི་གཡག་རྒྱུད་བཟང་གསོ་སྤེལ་བྱེད་པའི་བཟོ་སྐྲུན་ལག་ལེན་གཏིང་ཟབ་བྱས་ནས།  སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བས་འབྲི་གཡག་རྒྱུད་བཟང་གི་ཚད་དེ2015ལོའི66%ནས2021ལོའི87%བར་འཕར་ནས“ཀྲུང་གོའི་རྒྱུད་བཟང་ནོར་གནག་གི་དཔེ་སྟོན་རྫོང”བསྐྲུན་ཡོད་པ་རེད། ཞིང་ཕྱུགས་ལས་དེ་སྲོལ་རྒྱུན་གྱི་བདག་གཉེར་བྱེད་སྟངས་སྣ་གཅིག་ཅན་ནས་སྣ་མང་ཅན་གྱི་བདག་གཉེར་བྱེད་སྟངས་སུ་གྱུར་ཡོད་པར་མ་ཟད་མང་ཚོགས་རྣམས་ཀྱང་ཕྱུག་པོར་གྱུར་ཡོད། 2021ལོའི་ལོ་མཇུག་གི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་བགོ་བཤའ་རྒྱག་པའི་ཚོགས་ཆེན་སྟེང་། རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ཐུན་མོང་མཉམ་ལས་ཁང་དང་ཆེད་ལས་མཉམ་ལས་ཁང་། དེ་མིན་ཁྱིམ་ཚང་གི་ཕྱུགས་ར་སོགས་ལ་ཁྱོན་སྡོམ་ཁེ་སྤོགས་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དགུ་ཁྲི་ལྔ་བགོས་པ་རེད།

རྒྱུད་བཟང་ནོར་གནག་གི་ཐོན་ལས་ལ་ནུས་པ་སྔར་ལས་ཆེ་བ་འདོན་དུ་བཅུག་ནས། རྒྱུད་བཟང་ནོར་གནག་གི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བའི་ཆེད་དུ། ཐུན་ཏེ་རྫོང་གིས་ནོར་གནག་གི་ཁྱད་ལྡན་སྤུས་རྟགས་ཧུར་ཐག་གིས་བསྐྲུན་པས་འབྲི་གཡག་གི་སྐྱེ་ལྡན་དཔང་དངོས་ཐོབ་པར་གྱུར།

“ང་ཚོས་རྒྱུད་བཟང་ནོར་གནག་དང་ནོར་གནག་དཀྱུས་མའི་ཤ་ཡི་རྒྱུ་སྤུས་ལ་ཞིབ་དཔྱད་ཚད་ལེན་བྱས་པར་ཕྱོགས་གང་ཅིའི་ཐད་ནས་རྒྱུད་བཟང་ནོར་གནག་གི་ཤ་དེ་སྤྱིར་བཏང་གི་ནོར་གནག་ལས་བཟང་བར་འདུག དེ་བས་ང་ཚོར་རྗེས་ཕྱོགས་སུ་ཐུན་ཏེ་རྫོང་གི་ནོར་གནག་དེ་ཚད་གཞི་མཐོ་བའི་ཁྲོམ་རར་འོས་སྦྱོར་བྱེད་པའི་ཡིད་ཆེས་སྔར་ལས་ཆེ་རུ་སོང་ཡོད”ཅེས་ཞོལ་མ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ཞུའུ་ཀྲིན་ཕེན་གྱིས་རྒྱུད་བཟང་ནོར་གནག་འཕེལ་རྒྱས་སུ་གཏོང་རྒྱུར་ཡིད་ཆེས་ཆེན་པོ་དང་བཅས་དེ་ལྟར་བཤད།

ཞུའུ་ཀྲིན་ཕེན་གྱིས་བཤད་རྒྱུར། ད་ལྟ་རྩོམ་སྒྲིག་བྱེད་བཞིན་པའི《ཐུན་ཏེ་རྫོང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཇུས་གཞིའི》ནང་དུ། རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། རྩྭ་ཕྱུགས་དོ་མཉམ་ཡོང་བ་བཅས་ཀྱི་ལམ་ལུགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཞན་འགྱུར་རྩྭ་སའི་སྔོ་ཁེབས་ཚད་ནུས་ལྡན་ངང་མཐོ་རུ་བཏང་བ་དང་ས་ཆུ་ཤོར་བར་སྔོན་འགོག་བྱེད་པ་སོགས་ཀྱི་སྐྱེ་ཁམས་ནུས་པ་ཆེ་རུ་བཏང་ནས། རྒྱུད་བཟང་ནོར་གནག་ཐོན་ལས་རྒྱ་བསྐྱེད་དེ། རྒྱུད་བཟང་ནོར་གནག་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་ཡོང་བའི་རྨང་གཞི་འགན་སྲུང་བྱས་ཡོད་ཟེར།

ནོར་གནག་གཅིག་གིས་ཐོན་ལས་ཤིག་ལ་སྐུལ་ཁྲིད་བྱས་ཡོད།  ད་ལྟ“ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པར”དམིགས་ཏེ། ཐུན་ཏེ་རྫོང་གིས་ནོར་གནག་དང་འབྲོག་ལུག གཟན་རྩྭ་བཅས་ཀྱི་ལེགས་ལྡན་ཐོན་ལས་མགྱོགས་མྱུར་ངང་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་བས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་འདྲེས་རིམ་སྤོར་འཕེལ་རྒྱས།            སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་བཅས་ཀྱི་དུས་མཚམས་སུ་སླེབས་ཡོད།

ཐུན་ཏེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲི་ཅང་གིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་འདིར། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག   རྒྱ་ཆེའི་རོང་འབྲོག་ཁུལ་དུ་ཕྱུགས་ལས་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་གཉིས་མཉམ་འདྲེས་ཟབ་མོ་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།  མིག་སྔར་ཐུན་ཏེ་རྫོང་གིས་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་གྱི་བྱ་བ་སོ་སོ་ནན་ཏན་སྒོས་སྒྲུབ་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་བཞིན་ཡོད”ཟེར།

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།