ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ9པའི་ཚེས28ཉིན་གསར་འགྱུར་ཆེད་རྩོམ་རིང་པོ《གཟི་བརྗིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་ལོ་རྒྱུས་ཀྱི་འགན་ཁུར་ལྕི་མོ་སྤོབས་པས་ཁུར་བ་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ཐོན་བྱུང་ཚུལ་གྱི་གནས་ཚུལ་བཀོད་པ》ཞེས་པ་སྤེལ། ཟླ9པའི་ཚེས29ཉིན་པར་དུ་བསྐྲུན་པའི《མི་དམངས་ཉིན་རེའི་ཚགས་པར》སོགས་ཀྲུང་དབྱང་གི་ཚགས་པར་སོ་སོས་རྩོམ་ཡིག་དེ་ཁ་ཚང་དུ་སྤེལ་ཡོད།
རྩོམ་ཡིག་ལས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་ཀྱི་འདེམ་བསྐོའི་སྡེ་ཚན38ཀྱིས་རྩ་འཛུགས་ཚགས་དམ་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི2296བདམས་ཐོན་བྱུང་། ཁོ་ཚོ་ནི་ཏང་ཡོན་ཡོངས་རྫོགས་ཀྱི་ཁྲོད་ནས་ལེགས་འདེམ་བྱས་ཏེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིམ་པ་བཞིན་གདམ་གསེས་བྱས་པ་ལས་བྱུང་བའི་ཕུལ་བྱུང་མི་སྣ་ཡིན་ལ། ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་དང་གཞི་རིམ་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་དགུ་ལྷག་གི་མངགས་བཅོལ་ཕྲག་ཏུ་བླངས་ཡོད།
རྩོམ་ཡིག་ལས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམ་བསྐོའི་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་བཀོད་སྒྲིག་གནང་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་ཆེད་དུ་ཞིབ་འཇུག་གནང་བ་དང་། ཐེངས་མང་པོར་ཡར་ཞུ་ལ་གསན་ནས། མཛུབ་སྟོན་གལ་ཆེན་གནང་བ་དང་བླང་བྱ་གསལ་བོ་བཏོན་ཡོད། རིམ་པ་སོ་སོའི་འདེམ་བསྐོའི་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྒྲིག་ཡིག་རྩ་བའི་བསྲུང་བྱར་བརྩི་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ངོ་བོ་དང་དམིགས་གཞི་རྒྱུན་འཁྱོངས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བཅས་བྱས་ཏེ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ལེགས་པོ་བྱས་ནས། འོས་ཐོབ་དང་ཆ་རྐྱེན་གཟབ་ནན་དུ་བཏང་བ་དང་། བདམས་ཐོན་གྱི་བརྒྱུད་རིམ་གཟབ་ནན་དུ་བཏང་ལ། འདེམ་བསྐོའི་སྒྲིག་ཁྲིམས་གཟབ་ནན་དུ་བཏང་སྟེ། བདམས་ཐོན་བྱུང་བའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་བྱང་ཚད་བཟང་བ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ། ཁྱབ་ཚུལ་རྒྱ་ཆེ་བ། ཏང་ཡོན་གྱིས་རྒྱབ་སྐྱོར་བྱེད་པ་བཅས་ལ་ཁག་ཐེག་བྱས་ཡོད།
རྩོམ་ཡིག་ལས་བསྟན་དོན། བདམས་ཐོན་བྱུང་བའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ལ། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོན་པོ་དང་། སྤྱོད་ཚུལ་དང་གཤིས་རྒྱུད་ཅུང་བཟང་པོ། གྲོས་སྡུར་གྱི་ནུས་པ་ཅུང་ཆེན་པོ་བཅས་ལྡན་ཞིང་། རང་སོ་སོའི་ལས་གནས་སྟེང་མངོན་པར་གསལ་བའི་གྲུབ་འབྲས་བླངས་ཡོད་པ་དང་། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་པ་དང་། བསྡུར་ཚད་སོ་སོ་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་། འཐུས་ཚབ་རང་བཞིན་རྒྱ་ཆེར་ལྡན།
རྩོམ་ཡིག་ལས་བསྟན་དོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ཐོན་བྱུང་བ་ལས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་རྨང་གཞི་བརྟན་པོ་བཏིངས་ཡོད། འཐུས་མི་བདམས་ཐོན་བྱུང་བའི་བརྒྱུད་རིམ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་གྱུར་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་དུ་གྱུར་ལ། ཕུགས་བསམ་ཡིད་རྟོན་སློབ་གསོ་དང་ཏང་གཤིས་ཏང་སྲོལ་ཏང་ཁྲིམས་ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོའི་བརྒྱུད་རིམ་དུ་གྱུར་ཞིང་། ཏང་ནང་གི་ཆབ་སྲིད་འཚོ་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་སློབ་གསོའི་བརྒྱུད་རིམ་དུ་གྱུར་ཡོད། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་རླབས་ཆེན་བྱ་གཞག་བསྐྲུན།། དམངས་ཁྲི་སེམས་གཅིག་བྱས་ཏེ་མ་འོངས་ཕྱོགས་སུ་བསྐྱོད།། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་ཀྱིས་མཆོག་ཏུ་གྱུར་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། ལྟ་བ་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་རེད།