མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།  
2022.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 80

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན།   ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།   མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཏང་ཙུའུ་ཁོངས་མི།   ཅུའུ་ཀྲང་གཞོན་པ་དབྱང་ཆིན་ཡོན་གྱིས་མཚམས་སྦྱོར་བྱས་དོན།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།   མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་སོགས་བྱ་བ་གཙོ་བོར་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་སྟེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་།   མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་སླར་གསོ་བྱུང་ལ།  སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པར་མ་ཟད།   སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་།

ལོ་བཅུའི་རིང་ལ།  མཚོ་སྔོན་པོའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྩྭ་ས་བཅོས་སྐྱོང་དང་རང་བྱུང་ནགས་སྲུང་སྐྱོབ།   བྱེ་འགོག་བྱེ་བཅོས་སོགས་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས།  མཚོ་སྔོན་པོའི་ཆུ་གསོག་ཚད་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་མཚོ་སྔོན་པོའི་འབབ་ཡུལ་གྱི་ཆུ་སྤུས་གཏན་འཇགས་ངང་སྲུང་འཛིན་བྱས་ལ།    རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་རིམ་བཞིན་མཐོར་འདེགས་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ལེགས་བཅོས་ཐོབ་པར་མ་ཟད།   འབབ་ཡུལ་གྱི་བརྒྱ་ཆའི་བརྒྱད་ཅུའི་ཡུན་གྱི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་སྲུང་འཛིན་བྱས།      ཉིས་སྟོང་ཉེར་གཅིག་ལོར།   མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཅིག་གིས་ཇེ་མང་དུ་སོང་སྟེ་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དྲུག་བརྒྱ་ཉེར་ལྔ་དང་གྲངས་ཆུང་དྲུག་ལ་སླེབས་པ་དང་།   ཆུ་གནས་རྨིད་གཉིས་དང་གྲངས་གཅིག་བརྒྱད་ཀྱིས་ཇེ་མཐོར་སོང་སྟེ་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ཆུ་ཚད་དུ་སླར་གསོ་བྱས།   མཚོ་སྔོན་པོའི་མཐའ་འཁོར་རྩྭ་སའི་ཁེབས་རྒྱའི་བསྡུར་ཚད་ཉིས་སྟོང་བཅུ་གཉིས་ལོའི་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་དྲུག་ནས་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་ལྔར་འཕར་བ་དང་།   ཞན་འགྱུར་རྒྱ་ཁྱོན་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་བཞི་ནས་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བདུན་ལ་མར་འགྲིབ་པར་མ་ཟད།   རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་དྲུག་ཅུ་དང་བརླན་ས་སྲུང་སྐྱོབ་ཚད་བརྒྱ་ཆའི་རེ་དགུ་ལ་སླེབས།

ལོ་བཅུའི་རིང་ལ།  མཚོ་སྔོན་པོའི་འབབ་ཡུལ་གྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱ་བ་དོན་འཁྱོལ་ནན་མོ་བྱས་ཏེ་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་སྔ་གཞུག་ཏུ་ལག་བསྟར་བྱས།     མཚོ་སྔོན་པོའི་འབབ་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བྱ་རིགས་ཀྱི་གྲངས་འབོར་ཉིས་བརྒྱ་སོ་གཉིས་ལ་སླེབས་ཡོད།   ཉིས་སྟོང་ཉེར་གཅིག་ལོར།   དགོ་བའི་ཁ་གྲངས་ཉིས་སྟོང་བཅུ་གཉིས་ལོའི་བདུན་བརྒྱ་ལྔ་བཅུ་ནས་ཉིས་སྟོང་ཉེར་གཅིག་ལོའི་སྟོང་གཉིས་དགུ་བརྒྱ་རེ་དགུར་སླར་གསོ་བྱས་ནས་ལྡབ་གཉིས་དང་གྲངས་ཆུང་དགུ་དྲུག་འཕར་བ་དང་།   བརླན་སའི་ཆུ་བྱའི་ཁ་གྲངས་ཉིས་སྟོང་བཅུ་གཉིས་ལོའི་འབུམ་གཉིས་དང་ཁྲི་དྲུག་སྟོང་གཉིས་ལས་ལྡབ་གཅིག་དང་གྲངས་ཆུང་གཉིས་འཕར་ཏེ་འབུམ་ལྔ་དང་ཁྲི་བདུན་སྟོང་གཅིག་ལ་སླེབས་ནས།     རྩྭ་ས་དང་ཆུ། མཚེའུ། ཉ་རིགས་དང་བྱ་རིགས་བཅས་མཉམ་དུ་འཚོ་གནས་བྱེད་པའི་སྐྱེ་ཁམས་སྦྲེལ་ཐག་དོ་མཉམ་སྒོས་འཕེལ་རྒྱས་སུ་ཕྱིན།

ལོ་བཅུའི་རིང་ལ།  མཚོ་སྔོན་པོའི་ལྗང་མདོག་འཕེལ་རྒྱས་ཀྱིས་དམངས་ཚིས་ལ་ཕན་ཁེ་བསྐྲུན་ནས་སྐྱེ་ཁམས་ཡུལ་སྐོར་ལས་གཞི་སྐོར་ཞིག་སྔ་གཞུག་ཏུ་ལག་བསྟར་བྱས་པ་དང་། ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ།  ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་དུ་བསྡོམས་པས་ཡུལ་སྐོར་བ་བྱེ་བ་གཅིག་དང་ས་ཡ་དྲུག་ཁྲི་བདུན་སྟོང་བརྒྱད་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་བཞི་ས་ཡ་གཉིས་ལ་སླེབས་ལ།  མི་ཁྲི་གཉིས་ཙམ་ལས་ཞུགས་བྱེད་ཐུབ་པར་བྱས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།