ཐུན་མོང་མ་ཡིན་པའི་འཕོ་འགྱུར་ཆེན་པོའི་མཆོང་སྐྱོད།
2022.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 47

འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་གྱིས་དུས་རབས་གསར་པའི་དཔལ་འབྱོར་འཛུགས་སྐྲུན་ལ་བལྟས་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམིགས་རྒྱང་རིང་ཞིང་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།

འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་གྱིས་ཁྱོན་ཡོངས་དང་ཟུར་མང་པོ་ནས་ལོ་ངོ་བཅུ་པོ་འདིའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འགྱུར་ལྡོག་ཆེན་པོ་དང་རྣམ་པ་གསར་བ་མཚོན་པར་བྱས་ཡོད།

རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་ནས་གྲུབ་འབྲས་གསར་པ་ཐོབ་པ།

ཀྲུང་དབྱང་ཕྱོགས་བསྡུས་འགྲེམས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་ཁུལ་དུ་ཀྲུང་གོའི་དཔལ་འབྱོར་གྱི“ཁྱད་མཚར”རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་དཔེ་དབྱིབས་ལས་ལོ་བཅུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་སྟེ།

རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་བྱེ་བ་དགུ་ནས་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་བཞི་དང་ས་ཡ་བཞི་ལ་འཕར། སྡོད་དམངས་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་དང་ལྔ་བརྒྱ་ནས་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་བརྒྱ་ཡི་བར་འཕར་ཞིང་།  དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་མོ་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་དང་བྱེ་བ་བཞི་ནས་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་གཅིག་བར་དུ་འཕར། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཚད་དེ་སྒོར་མོ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ཐེར་ཆེན་དགུ་དང་ཐེར་འབུམ་བརྒྱད་ནས་སྒོར་མོ་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་གཅིག་ཐེར་ཆེན་བཞི་བར་མང་དུ་འཕར།

ཞི་ཅིན་ཕིང་གི་དཔལ་འབྱོར་བསམ་བློའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ་དང་སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།

སྡོམ་རྩིས་སྙན་ཞུ་ཞིག་ལས2012ལོ་ནས2021ལོའི་བར་གྱི་ནོར་སྲིད་ཡོང་འབབ་ཀྱི་གནས་ཚུལ་བཀོད་པ་ལྟར་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་མོ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་བདུན་དང་ཐེར་འབུམ་གསུམ་ནས་སྒོར་མོ་རབ་བཀྲམ་གཉིས་དང་ཁྲག་ཁྲིག་གཉིས་དུང་ཕྱུར་ལྔ་བར་འཕར་ཡོད་པ་རེད། ལོ་བཅུའི་རིང་རང་རྒྱལ་གྱི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་མཐོར་འདེགས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་གནད་སྨིན་དང་རྒྱུན་མཐུད། འདེགས་སྐྱོར་བཅས་བྱེད་རྒྱུར་མཐོང་ཆེན་བྱེད་པའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

དངུལ་ཁང་གི་ལས་བྱེད་མི་སྣ་དངུལ་བུན་བསྐྱི་བའི་ཁེ་ལས་ཀྱི་སྒོ་འགྲམ་དུ་ཞབས་འདེགས་ཞུ་བར་འགྲོ་བ་དང་ཁྲལ་དོན་སྡེ་ཁག་གི་ལས་བྱེད་མི་སྣས་ཁེ་ལས་ལས་བཟོ་པར་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་བྱེད་སྒོའི་ཟུར་ཁྲིད་བྱས་པ།  འགྲེམས་སྟོན་རྒྱས་བཤད་ཁྲོད་དུ་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་གྱི་བྱ་བ་གླེང་པ་དག་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དེ་སྔར་ལས་རྟོགས་སླ་བ་ཞིག་ཏུ་གྱུར་ཡོད་པ་རེད།

དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་གཅོག་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། 2012ལོ་ནས་བཟུང་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་དངུལ་འབོར་སྒོར་མོ་ཁྲག་ཁྲིག་ཆེན་མོ་བརྒྱད་དང་ཁྲག་ཁྲིག་བརྒྱད་ལས་བརྒལ་བ་དང་། སྲིད་གཞུང་གི་ཡོང་འབབ་ཀྱི“འཐེན་རྩིས”ལ་བརྟེན་ནས་ཁེ་ལས་ཀྱི་ཕན་འབྲས་གཉེར་པའི“སྣོན་ཐབས”དང་ཁྲོམ་རའི་གསོན་ཤུགས་ཀྱི“སྒྱུར་ཐབས”ཤིག་ཏུ་གྱུར་ཡོད། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་བ་དང་ཆེས་ཆུང་བའི་དངུལ་བུན་ལྷག་གྲངས་སྒོར་མོ་རབ་བཀྲམ་གསུམ་དང་ཁྲག་ཁྲིག་ཆེན་མོ་བརྒྱད་དང་ཁྲག་ཁྲིག་བརྒྱད་ཟིན་པ་དེ2012ལོའི་ལོ་མཇུག་གི་ལྡབ་གསུམ་དང་གྲངས་ཆུང་སོ་ལྔ་རེད།

ཧེ་ལུང་ཅང་འགྲེམས་ཁུལ་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲ་བརྟན་དུ་བཏང་བར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་པེ་ཅིན་ས་རྒོད་གསར་སྤེལ་སྡེ་ཚོགས་ཀྱིས་སྲན་ཆེན་གསོག་ཉར་བྱས་པའི་ལོ་ལེགས་བྱུང་བའི་རྣམ་པ་ནི་དགའ་འོས་པ་ཞིག་རེད།

སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་དམིགས་སའི་རང་བཞིན་རྒྱུན་འཁྱོངས་དང་སྲིད་ཇུས་སོ་སོར་མཐུན་སྦྱོར་ངང་ཤུགས་སྣོན་བྱས་པ། འབྲུ་རིགས་དང་ནུས་ཁུངས་སོགས་དངོས་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་། རིན་གོང་བརྟན་པོ་དང་ནུས་ལྡན་གྱིས་འགན་ལེན་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་གཞི་རྩའི་ནུས་པ་སྔར་ལས་སྲ་བརྟན་དུ་བཏང་།

འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་པ་དང་འབྲུ་རིགས་ཐོན་ཚད་ལོ་བདུན་ལ་བསྟུད་མར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་བྱུང་ཡོད། ཉེ་བའི་ལོ་བཅུའི་རིང་ལ། རང་རྒྱལ་གྱིས་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་ཡི་ནུས་ཁུངས་འཛད་སྤྱོད་འཕར་སྣོན་བྱུང་བ་དེས་རྒྱལ་དམངས་དཔལ་འབྱོར་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་འཕར་བར་འདེགས་སྐྱོར་བྱས་པ་དང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་ལས་བརྒལ་བ་དང་།མི་རེའི་ཆ་སྙོམས་ཀྱིས་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད2014ལོའི་སྟོང་ཝ་གཅིག་ནས་སྟོང་ཝ་གཅིག་དང་གྲངས་ཆུང་བདུན་བར་འཕར་ཡོད།

རིམས་ནད་སྔོན་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱེད་དགོས། “བརྟན་སྲུང་དྲུག”གི་བྱ་བ་ཏན་ཏིག་ངང་སྒྲུབ་ནས“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ།  ལས་ཞུགས་སྔོན་ལ་འཇོག་པ་སྟོབས་ལྡན་དུ་གཏོང་བ་དང་མ་འཇོག་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་མ་དངུལ་ཇེ་བརྟན་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་བཏོན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་བརྩམས་ནས་2022ལོའི་ལོ་སྟོད་དུ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་དུས་མཉམ་ལས་2.5%འཕར་བ་དང་། དུས་ཚིགས་གཉིས་པར་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱུང་ཞིང་། ཟླ་བ་དྲུག་པ་ནས་བཟུང་དཔལ་འབྱོར་དམིགས་ཚད་གཙོ་བོ་ཁྱོན་ཡོངས་ནས་ཡང་བསྐྱར་འཕར་ཞིང་།   ཕན་འབྲས་ཆེ་བའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་ཐུབ་པར་གྱུར་ནས། རང་རྒྱལ་ནི་རིམས་ནད་བྱུང་རྗེས་སུ་འཕར་སྣོན་སླར་གསོ་བྱས་པའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའོ་གྲས་སུ་གྱུར་ཡོད།

དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་གསར་གཏོད་འཕེལ་རྒྱས་དང་འགུལ་ནུས་གསར་རྙིང་བརྗེ་སྒྱུར་ནི་དཔལ་འབྱོར་འཕར་སྣོན་གྱི་གནད་འགག་ཡིན།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཙོ་གནད་དུ་བཟུང་སྟེ།  སྲ་བརྟན་དང་ཤུགས་ཆེར་གཏོང་བ། མཐོར་གཏོང་དང་ཤར་བགྲོད་ཐུབ་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས།  མཁོ་སྤྲོད་མ་ལག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་པ་དང་།  མཁོ་སྤྲོད་གྲུབ་ཆའི་དགོས་མཁོའི་འགྱུར་ལྡོག་གི་འཚམ་མཐུན་རང་བཞིན་དང་བབ་བསྟུན་རང་བཞིན་མངོན་གསལ་གྱིས་ཆེ་རུ་བཏང་སྟེ་སྔར་ལས་ཆུ་ཚད་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བར་བྱས།

བཅིངས་འགྲོལ་ལྗིད་ཐེག་རླངས་འཁོར་ཆེ་གྲས་ཅི་ལིན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་དུ་སྒྲིག་སྦྱོར་བྱས་པ་དེས་ཐོན་རྫས་རིམ་འཇུག་དང་ལག་རྩལ་གསར་སྒྱུར་བྱས་པ་ཡང་བསྐྱར་བདེན་དཔང་བྱས་པ་དང་།  ཅང་སུའུ་ཧིན་ལིས་ཧྭ་ཆེན་རིག་ནུས་འཁོར་ཁང་གི་འཕྲུལ་མིའི་རང་འགུལ་ལས་སྒྲུབ་ཀྱི་རྣམ་པ་དེའི་ཐོག་ནས་དམངས་གཉེར་དཔལ་འབྱོར་དེ་ལག་རྩལ་གསར་གཏོད་ཀྱི་གཙོ་གཟུགས་སུ་གྱུར་པ་མཚོན་ཡོད།

ལོ་བཅུ་བོ་འདིའི་ནང་དུ། རྒྱལ་དབང་མ་རྩ་དང་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ཀྱི་རྩེ་རིམ་ཇུས་འགོད་ལེགས་འགྲུབ་བྱུང་ཞིང་།  སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ལ་བསྟུད་མར་སྐུལ་འདེད་བཏང་བ་དང་།   སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱུང་སྟེ།   དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ཁྱིམ་ཚང་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་ལྔ་ནས་ཁྱིམ་ཚང་བྱེ་བ་བཞི་དང་ས་ཡ་བཞི་འབུམ་ལྔ་ཁྲི་བདུན་དུ་འཕར་སྣོན་བྱུང་།

དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ཁྲོད་ཀྱི་གསར་སྐྲུན་གོ་གནས་གལ་ཆེན་རྒྱུན་འཁྱོངས་བྱས།   གོ་ལ་ཧྲིལ་པོའི་གསར་གཏོད་ཁྱབ་ཁོངས་ཁྲོད་ཀྱི་རང་རྒྱལ་གྱི་གནས་བབ་དང་ནུས་པར་འགྱུར་ལྡོག་གསར་པ་བྱུང་ནས་ལོ་བཅུའི་རིང་གོ་ལ་ཧྲིལ་པོའི་གསར་སྐྲུན་གྲངས་འབོར་གྱི་ཨང་རིམ་དེ་ཨང34པ་ནས་ཨང11པར་འཕར་ཡོད།

འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུ་དེ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་སོགས་དང་མཐུན་སྦྱོར་ངང་འབྲེལ་མཐུད་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཚད་གཞི་མཐོ་ཤོས་བསྐྲུན།

ཧོ་པེ་འགྲེམས་ཁུལ་དུ་སྐྱོད་སྐབས་པར་རིས་ལས་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་གྱི་རྣམ་པ་དེ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་སྣང་ཞིང་།  “ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་”ཐེག་ཐུབ་པའི་གྲོང་ཁྱེར་དེ་ཉིད་ཉིན་རེ་བཞིན་རྣམ་པ་གསར་པར་འགྱུར་བཞིན་འདུག

ཧྲིན་ཀྲིན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་ཧེ་ནན་གྱིས་འཛམ་གླིང་སྟེང་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་མགྱོགས་མྱུར་གྱིས་བསྐྲུན།  ཧྲང་ཧེ་ཕུའུ་ཏུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱས་ཤིང་།  ལས་འགན་གཙོ་བོ་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་བཏང་པ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་པས་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་སྔར་ལས་གསལ་བོར་མངོན་ཡོད།

ཐོན་ལས་རྩེར་སོན་ཕྱོགས་སུ་བསྐྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གཞི་ཁྱོན་ལོ12ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་ཡོད།

འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འོད་སྟོང་འཕྲོ་བའི་མདུན་ལྗོངས།

ཁྲུང་ཆིན་འགྲེམ་ཁུལ་དུ་ཁྱིམ་ཚང་ཞིག་གིས་རྒྱ་ཁོག་ཟ་བཞིན་པའི་འཚོ་བའི་དྲོ་སྐྱིད་ཀྱི་རྣམ་པ་ཞིག་འགྲེམ་སྟོན་བྱས་ཡོད་པ་དང་། གྲོང་ཁྱེར་གྱི་རྒྱུན་ལྡན་གྱི་འཚོ་བ་དེས་ནང་མཁོའི་སྦས་ཤུགས་རྒྱུན་ཆད་མེད་པར་འདོན་བཞིན་པ་མཚོན་ཡོད། ཧྲན་ཏུང་འགྲེམས་ཁུལ་གྱི་མཛེས་བཟོ་ངོ་སྦྱོར་དང་སོ་སྨན། ཨ་རག་སོགས་ཤིང་པད་མའི་ཐོན་ཁུངས་ལ་བརྟེན་ནས་གསར་སྤེལ་བྱས་པའི་ཐོན་རྫས་ལས་འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། རང་གཤིས་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་དེ་གཙོ་རྒྱུན་དུ་གྱུར་ཡོད་པ་རེད།

རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་།རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་ནི་དུས་བསྟུན་མདུན་སྐྱོད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད།

རང་རྒྱལ་དུ་དཔལ་འབྱོར་གྱི་བསྡོམས་འབོར་སྒོར་མོ་རབ་བཀྲམ་གཅིག་ལྷག་དང་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་ཙམ། ཡོང་འབབ་འབྲིང་གྲས་ཚོགས་སྤྱི་དུང་ཕྱུར4ཡས་མས་བཅས་ཀྱི་སྟོབས་དང་ལྡན་པའི་ནང་མཁོ་ཚོང་ར་ཆེན་པོ་ཞིག་ཆགས་ཡོད། རྒྱལ་ནང་གི་ཚོང་ར་ཆེན་པོ་གྲུབ་པའི་ཐོན་སྐྱེད་ནུས་ཤུགས་སྟོབས་ལྡན་ལ་བརྟེན་ནས། གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་སྡེབ་སྒྲིག་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་གྱི་ཕན་འབྲས་དང་གཅིག་བསྡུས་ཀྱི་ཕན་འབྲས་ཆེས་ཆེར་འདོན་སྤེལ་བྱེད་དུ་འཇུག་དགོས།

ཀོས་ཀྲིག་འགྲེམ་ཁུལ་དུ་བལྟས་ཚོད་ཀྱིས་སྟབས་བདེའི་ཤིང་གི་པི་ཝང་ཞིག་ཡོད་པ་དེའི་རྒྱབ་ཏུ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཕྱུག་འགྱུར་གྱི་ཕུགས་འདུན་འདུས་ཡོད། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་གཅིག་སྡུད་ཆེ་ཤོས་ཀྱི་པི་ཝང་ཐོན་སྐྱེད་རྟེན་གཞི་ཡིན་པའི་ཀོས་ཀྲིག་ཞིང་ཆེན་ཀྲིན་ཨན་རྫོང་གིས་ལོ་རེ་བཞིན་པི་ཝང་ས་ཡ་དྲུག་ལྷག་ཙམ་འཛམ་གླིང་གི་ས་གནས་སོ་སོར་འཚོང་གི་ཡོད།

ཧྲང་ཧེ་འགྲེམ་ཁུལ་གྱི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་ཀྱི་གཟུགས་བརྙན་ནི་དུས་རབས་གསར་པའི་ཀྲུང་གོས་སྒོ་འབྱེད་བྱེད་རྒྱ་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་གཟུགས་ཤིག་རེད། ཟླ་བ་གཅིག་གི་རྗེས་སུ་གོ་ལ་ཧྲིལ་པོའི་ནང་འདྲེན་བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་རིམ་པའི་དངོས་མང་བཤམ་སྟོན་ཚོགས་འདུ་ཐོག་མ་དེ་སླར་ཡང་ཧྲང་ཧེ་རུ་ཚོགས་པ་ནི་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

རྒྱལ་སྤྱིའི་འཁོར་རྒྱུག་ལ་བརྟེན་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ལས་ཆོད་དང་ཆུ་ཚད་མཐོ་རུ་བཏང་པ་དང་། ཁྱབ་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་བྱས།

ཁྲིན་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་ཡོད་པའི་པར་རིས་ལས་ཀྲུང་གོ་དང་ཡོ་རོབ་དབར་གྱི་སྐམ་སའི་མེ་འཁོར་སྐྱེལ་འདྲེན་རུ་ཁག་ཅིག་འགྲེམ་སྟོན་བྱས་ཡོད།  ད་ལོའི་ཟླ5པའི་བར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཁྱོན་བསྡོམས་ཁྲི་ལྔ་དང་སྟོང་ལྔ་བཞི་བརྒྱ་གོ་གསུམ་བཏང་ནས་དངོས་ཟོག་སྒམ་ས་ཡ་བཞི་དང་འབུམ་བརྒྱད་སྐྱེལ་འདྲེན་བྱས་པ་རེད། རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དབར་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་ཨ་སྒོར་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་བརྒྱད་ཙམ་ཟིན་པ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ལ་དངུལ་རྩའི་རིགས་མ་ཡིན་པར་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ལྷག་ཙམ་ཟིན་ཡོད་པ་རེད།

མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་གྱི་གྲུ་ཁ་གཙོ་བོར་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་གི་འབྲེལ་བ་བཙུགས་ཡོད། གཞི་ཁྱོན་ཆེ་བ་དང་ནང་འབྲེལ་ཕྱི་འབྲེལ་གྱི་ཆུ་ཐོག་སྐྱེལ་འདྲེན་མ་ལག་གིས་རང་རྒྱལ་འདི་ཉིད་འཛམ་གླིང་སྟེང་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་འཛམ་གླིང་སྟེང་གི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་གྲས་དང་པོར་འགྱུར་བར་འགན་སྲུང་ནུས་ལྡན་བྱས་ཡོད།

རང་རྒྱལ་གྱི་རྒྱལ་གཉེར་ཚོང་ལས་ཁོར་ཡུག་གི་གོ་ལ་ཧྲིལ་པོའི་ཨང་རིམ་དེ་2013ལོའི་ཨང96པ་ནས་གསར་དུ་ཨང31པར་སླེབས་པ་དང་། མ་དངུལ་ནང་འདྲེན་གྱི་གཞི་ཁྱོན་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་གནས། 2021ལོར་ཕྱི་དངུལ་དངོས་སུ་སྤྱོད་ཚད་དམངས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་ལྔ་ཟིན་ནས2012ལོ་ལས་62.9%འཕར་བ་དང་། ལོ10ཡི་རིང་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་ལྡབ་གཅིག་དང་གྲངས་ཆུང་ཞེ་དགུ་འཕར་བ་དང་།  ཞབས་ཞུ་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས6.1%འཕར་ཡོད།

                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།