ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟི་ལིང་དུ་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་ཚོང་དོན་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་དབྱང་ཞའོ་མེན་གྱིས་ངོ་སྤྲོད་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་དུ་དམིགས་ནས། རང་འགུལ་གྱི་ཞབས་ཞུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཉིས་འདྲེས་པར་བྱས་ཏེ། ཚོང་དོན་གཙོ་བོའི་གྲངས་ཚད་དང་སྤུས་ཀ་གཉིས་མཉམ་དུ་འཕེལ་རྒྱས་བྱུང་སྟེ། ཚོང་དོན་འཕེལ་རྒྱས་ཐད་ལ་ལེའུ་གསར་བ་བྲིས། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ས་བཞི་འཛུགས་སྐྲུན་ལ་འདེགས་སྐྱོར། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་ཀྱི་ཆེད་དུ་ཧུར་ཐག་གིས་བྱས་རྗེས་བཞག
ལོ་བཅུའི་རིང་ལ། དཀའ་ངལ་ཁྱད་དུ་བསད་ཅིང་། ཧུར་བརྩོན་འབད་འབུངས་བྱས་ཏེ། འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་། འཛད་སྤྱོད་ལ་ཐོད་བརྒལ་གསརབ་བྱུང་བ་སྟེ། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་རིན་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བཞི་དུང་ཕྱུར་བདུན་བྱེ་བ་བརྒྱད་ལ་སླེབས། དེ་ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་ལྡབ་གཅིག་འཕར་འདུག ཕྱི་ཕྱོགས་ཉོ་འཚོང་མྱུར་དུ་བདེ་ཐང་གི་འཕེལ་རྒྱས་ལམ་ཆེན་དུ་བསྐྱོད་ཅིང་། ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་བརྒྱ་ཆའི་སོ་བཞི་གྲངས་ཆུང་དྲུག་འཕར་ནས། རྒྱལ་ཡོངས་ཀྱི་ཨང་ལྔ་པ་ཟིན
ལོ་བཅུའི་རིང་ལ། རང་འགུལ་ངང་འགྱུར་ལྡོག་དང་འཚམ་པར་བྱས་ནས་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཕྱི་ཕྱོགས་ཚོང་དོན་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་ནས་ཕན་ནུས་སྐྲུན་པ་དང་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་སུ་གཏོང་བའི་བྱེད་ཐབས་བཅུ་སོགས་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཕྱི་ཕྱོགས་ཚོང་དོན་རིམ་སྒྱུར་རིམ་སྤོར་གྱི་དཔེ་སྟོན་རྟེན་གཞི་བཅུ་གཉིས་དང་མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྫས་ཀྱི་རྒྱལ་སྤྱིའི་ཚོང་གཉེར་དྲ་རྒྱའི་ས་ཚིགས་བཅུ་དགུ སྣ་འཛོམས་རང་བཞིན་གྱི་ཕྱི་ཕྱོགས་ཚོང་རྫས་འགྲེམ་ཚོང་ལྟེ་གནས་བཅུ་དྲུག་བཅས་བཙུགས་པ་དང་། རྨ་ལྷོ་དང་ཡུས་ཧྲུའུ། མགོ་ལོག་བཅས་ཁུལ་གསུམ་གྱིས་ཕྱིར་གཏོང་ནང་འདྲེན་བྱེད་པ་མངོན་འགྱུར་བྱས་ལ། ཕྱི་ཕྱོགས་ཚོང་རའི་གཙོ་གཞིའི་གཞི་རྒྱ་འཕར་ཚད་ཅུང་མགྱོགས། ཞིང་ཆེན་ཡོངས་སུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཁེ་ལས་བརྒྱ་དང་ཞེ་གསུམ་ཡོད་པ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ཞིང་ཕྱུགས་ཐོན་རྫས། རིག་གནས་ཐོན་རྫས་སོགས་ཕྱིར་གཏོང་རིན་གོང་ཨ་སྒོར་བྱེ་བ་གཅིག་ལས་བརྒལ་བའི་ཕྱིར་གཏོང་ཐོན་རྫས་བཅུ་ལྷག་གསོ་སྐྱོང་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱི་ནང་འདྲེན་ཕྱིར་གཏོང་བྱེད་ཚད་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་གཉིས་ལྷག་འཕར།
ལོ་བཅུའི་རིང་ལ། དམངས་ཚིས་འགན་སྲུང་གཙོར་བཟུང་ནས་དམངས་དོན་དམངས་ཕན་ཐད་བྱས་རྗེས་བཞག དམངས་ཕན་བཟོ་སྐྲུན་ཁག་ཅིག་ལག་བསྟར་བྱས་པ་དང་། ཞིང་ལས་ཐོན་རྫས་ཚོང་ར་བརྒྱ་དང་ལྔ་བཅུ་གསར་སྐྲུན་དང་བཅོས་སྒྱུར་བྱས་པ་དང་། སྡེ་བ་ཁྲི་དང་ཡུལ་ཚོ་སྟོང་གི་ཞིང་ཁྱིམ་ཚོང་ཁང་གིས་རྫོང་ཡོངས་ཀྱི་བརྒྱ་ཆའི་བརྒྱ་དང་བརྒྱ་ཆའི་དགུ་ཅུའི་ཡན་གྱི་ཡུལ་ཚོ་དང་གྲོང་རྡལ། བརྒྱ་ཆའི་གྱ་ལྔའི་ཡན་གྱི་སྲིད་འཛིན་སྡེ་བར་ཁེབས་ཡོད། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་དངོས་ཟོག་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཚོང་དོན་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པར་བྱས་རྗེས་བཞག