ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་ལ་སྣེ་ལེན་བྱེད་པའི་ཞབས་ཞུ་དངོས་སུ་སྤེལ་མགོ་བརྩམས་ཏེ། མངའ་ཁོངས་ཕྱི་ནང་གི་གསར་འགོད་པས་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་པ་ལ་ཞབས་ཞུའི་འགན་སྲུང་བྱས།
གསར་འགྱུར་ལྟེ་གནས་ཀྱི་གཙོ་ནུས་ཐོན་ཁུལ་དེ་སོ་སོར་པེ་ཅིང་མེ་ཏིས་ཡ་ལྟེ་གནས་དང་པེ་ཅིང་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་དུ་ཡོད་ཅིང་། བཅའ་སྡོད་བྱ་ཡུལ་དུ་གསར་འགྱུར་སྒྲོག་སྤེལ་ས་ཁུལ་དང་གསར་འགོད་པའི་ལས་དོན་གཉེར་ཡུལ། བརྙན་ལམ་བཅར་འདྲི་ཁང་སོགས་ནུས་པའི་ཁུལ་མང་པོ་བཙུགས་ནས། གསར་འགོད་པར་གསར་འགྱུར་བཅར་འདྲི་དང་དཔྱད་ཡིག་འདྲི་རྩད། སྤྱི་པའི་རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་སོགས་ཐད་ལ་ཞབས་ཞུ་དང་འགན་ལེན་བྱས་ཡོད།
ཚོགས་ཆེན་དངོས་སུ་བསྡུ་བཞིན་པའི་རིང་ལ། གསར་འགྱུར་ལྟེ་གནས་ཀྱིས་ས་ཁོངས་ཕྱི་ནང་གི་གསར་འགོད་པ་རྩ་འཛུགས་བྱས་ཏེ། ཡུལ་དངོས་ནས་ཚོགས་ཆེན་གྱི་གྲོས་རིམ་གལ་ཆེན་ཁག་ཅིག་ལ་བཅར་འདྲི་བྱེད་རྒྱུ་དང་། ཏང་གི་འཐུས་མི་རྩ་འཛུགས་བྱས་ནས་བཅར་འདྲིའི་བྱེད་སྒོ་དང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སོགས་ཀྱི་བརྒྱུད་ལམ་བསྐྲུན་རྒྱུ་རེད།
གསར་འགྱུར་ལྟེ་གནས་ཀྱིས་དྲ་རྒྱའི་བརྙན་ལམ་བཅར་འདྲིའི་མ་ལག་ཆེད་དུ་བཙུགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་དུ་དྲ་རྒྱའི་བརྙན་ལམ་གྱི་ཆེད་སྤྱོད་སྐུལ་ལམ་བརྒྱུད་དེ། མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་སྒྲོག་སྤེལ་ཚོམས་ཆེན་དང་མེ་ཏིས་ཡ་ལྟེ་གནས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོམས་ཆེན། འཐུས་ཚབ་ཚོགས་པ་སོ་སོའི་སྡོད་གནས་སུ་ཡོད་པའི་བརྙན་ལམ་བཅར་འདྲི་ཁང་བཅས་བར་དུ་སྐུལ་འབྲེལ་བཅར་འདྲི་བྱས་ཆོག་པར་བཟོས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་དེ་བཞིན་འབྲེལ་ཡོད་སྟེགས་བུའི་ཐེམ་ཨང་ཤར་གཏོང་བྱས་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བྱེད་ཐབས་དེ་གཉིས་ལ་བརྟེན་ནས་གསར་འགྱུར་ལྟེ་གནས་ཀྱི་ཞབས་ཞུའི་ནང་དོན་དང་བྱ་ཐབས་དུས་ཐོག་ཏུ་རྒྱུས་ལོན་བྱས་ཆོག་ལ། གཞུང་ཕྱོགས་དྲ་ཚིགས་ཀྱི“གསར་འགོད་པའི་ཆེད་ཁུལ”ལ་བརྟེན་ནས་བཅར་འདྲིའི་རྒྱུ་ཆ་གང་མང་ཤེས་རྟོགས་བྱེད་ཐུབ།
བན་དེ་སྐྱབས་ཀྱིས་བསྒྱུར།