【མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་དང་ཅཱ་ཞོན་ཡོན། ཏུང་ཡཱ་ཅའེ། ཁྲིན་ཅུས་ཚའེ་བཅས་ཀྱིས་པེ་ཅིང་ནས་བཀོད་པའི་གསར་འགྱུར།】འདས་ཟིན་པའི་ལོ་ངོ་བཅུའི་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ་སྔར་ལས་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་པའི་སྐབས་འདིར། དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་བྱ་བ་དེ་པེ་ཅིང་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་བྱེད་བཞིན་ཡོད། འདི་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྙིང་བོར་བྱས་ཏེ། དུས་རབས་གསར་བའི་ལོ་ངོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེན་གྲུབ་འབྲས་དང་རླབས་ཆེན་བཅོས་སྒྱུར་གཙོར་བཟུང་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་བཅོས་སྒྱུར་ལྟག་རྒྱབ་ཀྱི་སྟོབས་ཤུགས་དང་སྒུལ་ནུས་མཚོན་ཡོད་པར་མ་ཟད། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་སྣེ་ཁྲིད་དང་བསམ་བློའི་མཛུབ་སྟོན་མངོན་ཡོད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་སྐྲུན་བྱེད་པའི་རྣམ་པ་གསར་བའང་མངོན་པར་བྱས་ཡོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པས་སྤྱི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་གྱི་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ལ་སྤྱི་ཕྱོགས་ནས་གླེང་གཞིའི་ཚོམས་ཁང་དང་ཀྲུང་དབྱང་ཕྱོགས་བསྡུས་འགྲེམ་ཁུལ། ས་གནས་འགྲེམ་ཁུལ། མ་འོངས་རྒྱང་བལྟའི་འགྲེམ་ཁུལ། ཁང་ཕྱིའི་འགྲེམ་ཁུལ། མཉམ་འགུལ་འགྲེམ་ཁུལ་བཅས་འགྲེམ་སྟོན་ཁུལ་དྲུག་ཏུ་བགོས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་ལས་བརྒལ་ཡོད་ལ། པར་རིས་དང་དངོས་པོ། དཔེ་དབྱིབས་སོགས་འགྲེམ་སྟོན་གྱི་རྒྱུ་ཆ་སྟོང་དྲུག་ལྷག་བེད་སྤྱོད་བྱས་ཡོད་པ་དང་། བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་ཟུར་མི་འདྲ་བའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མ་ཡིན་པའི་འདས་པའི་ལོ་ངོ་བཅུའི་གྲུབ་འབྲས་སྣ་ཚོགས་གསོན་ཉམས་དོད་པའི་ངང་གསལ་འགྲེལ་བྱས་ཡོད་པ་རེད།
དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་ལས་མཚོ་སྔོན་གྱི་ལེའུ་སྐོར་རྒྱུས་ལོན་བྱེད་སྐབས། མཚོ་སྔོན་འགྲེམ་ཁུལ་གྱི་ལས་བྱེད་མི་སྣ་མཱ་ཆང་གིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་གྱི་ལེའུ་ལ། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་བའི་ཕྱོགས་དང་། ཐོན་ལས“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་བྱས་པའི་སྐོར། དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་མཐོར་བཏང་བའི་སྐོར། གཅིག་སེམས་གཅིག་ལ་འཁྲེང་བའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་མངོན་པའི་སྐོར་བཅས་དོན་ཚན་བཞི་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མཚོན་པའི་ཆེད་སྒྲིག་གཅིག་བཅས་བསྡོམས་པས་ཁག་ལྔ་ལས་གྲུབ་ཡོད་ཟེར།
ཐེངས་འདིའི་འགྲེམ་སྟོན་བརྒྱུད་ནས་མཚོ་སྔོན་གྱི་ལོ་ངོ་བཅུའི་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས། འདི་ལས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། སྒོ་འབྱེད་གསར་སྐྲུན། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པ། ཆབ་སྲིད་དྭངས་གསལ་གྱི་དུས་རབས་གསར་པའི་མཚོ་སྔོན་གསར་པ་བསྐྲུན་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་མཚོན་ཡོད།