ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པ་སུན་ཡེ་ལིས་ཀྱིས་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོས་རིམ་དང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
སུན་ཡེ་ལིས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུ་བའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ཞེས་བཤད།
སུན་ཡེ་ལིས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་མ་ཟིན་འབྲི་བའི་བྱ་བ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་བྱ་བ་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་བྱ་བ་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་དུ་མ་ཟིན་འབྲི་བའི་ཚན་ཁག་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་གཙོའི་འགན་ཁུར། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་སྐོར་རྒྱས་བཤད་ཟབ་མོ་གནང་། སྙན་ཞུའི་མ་ཟིན་འབྲི་བའི་བྱ་བར་ཐོག་མཐའ་བར་གསུམ་དུ་དམངས་གཙོ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཕྱི་ནང་གི་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ལེགས་པར་ཉན་པ་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བསྡུས་ནས། ཕྱོགས་མང་པོའི་བསམ་འཆར་དང་གྲོས་གཞིར་ཐད་ཀར་དུ་གསན།
སུན་ཡེ་ལིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐབས་སུ་ད་དུང་ལས་འགན་གལ་ཆེན་ཞིག་ཡོད་པ་ནི། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གཏན་ཁེལ་བྱས་པའི་གཞུང་ལུགས་ལྟ་བ་གལ་ཆེན་དང་འཐབ་ཇུས་བསམ་བློ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་འབྲི་བ་དང་། ཧུར་ཐག་གིས་བཟོ་བཅོས་བྱས་རྗེས་ཀྱི་ཏང་གི་སྒྲིག་ཡིག་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་ཆེས་གསར་བ་མཚོན་ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་མངོན་པར་བྱེད་པ། ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་གསར་བ་མངོན་པར་བྱས་ཏེ། གནས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་ཐད་བཏོན་པའི་རེ་བ་གསར་པ་དང་མཐུན་པར་བྱེད་དགོས།
སུན་ཡེ་ལིས་ཀྱིས་བཤད་རྒྱུར། རྒྱལ་ཡོངས་ཀྱི་འདེམ་བསྐོའི་ལས་ཁུངས་སོ་བརྒྱད་ཀྱིས་སོ་སོར་ཏང་གི་འཐུས་མིའི་ཚོགས་ཆེན་དང་ཏང་གི་འཐུས་མའི་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་འདེམས་བསྐོ་བྱས། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་དེ། འཐུས་མི་ཉིས་སྟོང་ཉིས་བརྒྱ་གོ་དྲུག་གི་འཐུས་མིའི་ཐོབ་ཐང་ནུས་ལྡན་ཡིན་པ་ཁས་ལེན་བྱས། ཁོ་ཚོས་གཞི་རིམ་ཏང་རྩ་འཛུགས་བཞི་བརྒྱ་དང་དགུ་བཅུ་དང་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་གི་ཚབ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ལུགས་དང་མཐུན་པ་དང་། གྲུབ་ཚུལ་སྡུར་ཚད་སོ་སོ་ཏང་ཀྲུང་དབྱང་གི་རེ་བ་དང་མཐུན་ལ། འཐུས་ཚབ་རང་བཞིན་ཆེན་པོ་ལྡན། རྒྱུན་སྲོལ་ལྟར། ཏང་ཀྲུང་དབྱང་གིས་ད་དུང་མགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་བུད་པའི་ཏང་ཡོན་རྒན་པ་སྐོར་ཞིག་ཆེད་དུ་གདན་འདྲེན་ཞུ་བའི་འཐུས་མི་བྱས་ནས་ཚོགས་ཆེན་ལ་ཞུགས་རྒྱུ་གཏན་ཁེལ་བྱས།
སུན་ཡེ་ལིས་ཀྱིས་བཤད་རྒྱུར། ཏང་གི་སྒྲིག་ཡིག་གི་གཏན་འཁེལ་ལྟར། ཐེངས་འདིའི་འཐུས་མིའི་ཚོགས་ཆེན་ནས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱ་རྒྱུ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་པའི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ལས་ཁུངས་གདམ་རྒྱུ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གྲོལ་རྗེས། སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དག་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་བྱ་རྒྱུ་རེད།
སུན་ཡེ་ལིས་ཀྱིས་ད་རུང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།
རིན་ཆེན་མཚོ་དང་། བསོད་ནམས་ཚེ་རིང་། བན་དེ་སྐྱབས་བཅས་ཀྱིས་བསྒྱུར།