ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
2022.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 161

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས།

བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི་དང་ཆེད་དུ་གདན་དྲངས་པའི་འཐུས་མི་ཉིས་སྟོང་སུམ་བརྒྱ་དོན་དགུ་ཡོད།

གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་དྲངས་པའི་འཐུས་མི་ཉིས་སྟོང་སུམ་བརྒྱ་བཅུ་ཐམ་པ་ཡོད།

གྲོས་ཚོགས་ནས་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ། མི་ཉེར་གཉིས་ཀྱིས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། མི་ཉིས་བརྒྱ་ཞེ་གསུམ་གྱིས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོ་ལ་གྲོས་འཆམ་བྱུང་ཞིང་། ཝང་ཧུའུ་ཉིང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་གདམ་རྒྱུར་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ད་དུང་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ལས་ཁུངས་སྒྲིག་འཛུགས་དང་བྱ་བའི་ལས་འགན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་ད་དུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཚོགས་ཆེན་གྱི་གྲོས་རིམ་ནི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཉན་པ་དང་ཞིབ་བཤེར་བྱ་རྒྱུ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གདམ་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གདམ་རྒྱུ་བཅས་རེད།