རླབས་ཆེན་གྱི་འབད་འཐབ་གསར་བའི་ཁྲོད་མཚར་སྡུག་ལྡན་པའི་ལེའུ་རྩོམ་དགོས།
མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་ཚོགས་ཆེན་སྟེང་ཞུགས་པའི་ཟུར་བྲིས།
ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མགོ་རྩོམ་ཚོགས་ཆེན་སྟེང་ཞུགས་ཏེ་སྙན་ཞུར་ཉན་རྗེས། ཡིད་ཆེས་ཀྱིས་ཁེངས་བཞིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཕྱིར་ཐོན་པ། གསར་འགོད་པ་མའོ་ཏི་ཝེ་ཡིས་པར་བླངས།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་བསྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་ཏེ། ཟླ10ཚེས16ཉིན་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཉི་ཤུ་པ་དེ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།
གྱོན་གོས་ལེགས་སྒྲིག་དང་ལག་ཁྱེར་ཚགས་སུ་ཆུད་པར་བྱས་ནས། སྔ་དྲོའི་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུ་ཡོལ་ཙམ་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་འབུམ་གསུམ་ཁྲི་བཞི་ལྷག་དང་། གཞི་རིམ་ཏང་རྩ་འཛུགས་འབུམ་གཉིས་དང་ཁྲི་གཅིག་ལྷག་གི་མངགས་བཅོལ་དང་མི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་ཕྲག་ཏུ་འཁུར་ནས། སྙིང་སྟོབས་རབ་ཏུ་འཕེལ་ལ་ཡིད་ཆེས་ཟབ་མོས་ཁེངས་བཞིན་སྡོད་གནས་ནས་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད།
མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསེར་མདོག་གི་ཏང་རྟགས་ལ་བཀྲག་མདངས་རྣམ་པར་འཚེར་ཞིང་། ཕྱོགས་གཉིས་སུ་མིག་དབང་ཅིག་ཅར་འཕྲོག་པའི་དར་དམར་བཅུ་ཡིས་བརྒྱན་པ་དང་གློག་སྒྲོན་གྱི་འོད་མདངས་རབ་ཏུ་བཀྲ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མི་རྣམས་མཉམ་དུ་འཛོམས་བྱས་ནས་རྒྱས་འཚོགས་ཤིག་བསྡུས།
ཆུ་ཚོད་བཅུའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཉི་ཤུ་པ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།
“རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་རྒྱང་རིང་བའི་རླབས་ཆེན་བྱ་བཞག་ལ་གཞོལ་རྒྱུ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་རྒྱུ་ནི་བླ་མེད་ཀྱི་འགན་འཁྲི་དང་གཟི་བརྗིད་ཀྱི་ལས་འགན་དུ་བརྩིས་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ། ལོ་རྒྱུས་ཀྱི་རང་རྟོན་མཐའ་འཁྱོལ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་ཞིག་རྩོམ་དགོས”ཞེས་གསུངས།
“ལོ་ངོ་བཅུའི་རིང་། ང་ཚོས་ཏང་དང་མི་དམངས་ཀྱི་ལས་དོན་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་ཐར་མཁྲེག་གཏོར་ཡོངས་འགྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དེ་རེད།”
“ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད”།
“ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་དང་། ཡིད་ཆེས་བརྟན་གཏོང་། བློ་གཅིག་སེམས་གཅིག་། དཀའ་སྤྱད་སྙིང་རུས། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་ཡིད་ལ་དམ་པོར་བཅངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།”
མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇགས་ཐབས་བྲལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་དེའི་ཁྲོད་འཐུས་མི་རྣམས་སྤྲོ་བ་རབ་ཏུ་རྒྱས་པའི་རྣམ་པ་ཀུན་ནས་མངོན་ཡོད།
འཐུས་མི་རྣམས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཕྱིར་སྡོད་གནས་སུ་ལོག་སྐབས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་ནང་སེམས་ཀྱི་ཚོར་བ་དང་རེ་སྒུག་མཚོན་པར་བྱས་ཡོད།
འཐུས་མི་མཱ་ཞའོ་ཡུས་ཀྱིས་བཤད་རྒྱུར། “ཚོགས་ཆེན་གྱི་ཡུལ་དངོས་ནས་སྙན་ཞུར་ཉན་རྗེས། རང་ཉིད་ལ་ངར་སེམས་འཕེལ་བ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ། ནང་སེམས་ཀྱི་ཚོར་བ་དང་སྤྲོ་སྣང་ཡང་སྔ་ན་མེད་པ་ཞིག་བྱུང་བས་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་སྤོབས་སེམས་ཚད་མེད་སྐྱེས་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་བསྐྲུན་རྒྱུར་ཡང་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།”
འཐུས་མི་ཚའེ་ཁྲེང་ཡུང་གིས་བཤད་རྒྱུར། “དོན་དག་མ་བརྒྱུད་ན་དཀའ་བ་མི་ཤེས། ལོ་བཅུའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཐོབ་པའི་གྲུབ་འབྲས་ནི་མིག་མཐོང་ལག་ཟིན་ཡིན་པ་དང་། ལག་ལེན་པ་དང་དངོས་བརྒྱུད་པ་ཞིག་ཡིན་པའི་ཆ་ནས་རླབས་ཆེན་གྱི་དུས་རབས་འདིར་རླབས་ཆེན་གྱི་ལག་ལེན་འདིའི་ཁྲོད་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཡོད། སྙན་ཞུའི་ནང་མ་འོངས་པར་བཀོད་སྒྲིག་ཞིབ་ཅིང་གཏིང་ཟབ་པ། བརྗིད་ཅིང་གསལ་ཐག་ཆོད་པ་གནང་ཡོད་པས་ངས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཕྱིར་རང་འཁྲིའི་ལས་གནས་སུ་ལོག་རྗེས། དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན།”
འཐུས་མི་པ་ཚེ་ལོ་ཡིས་བཤད་རྒྱུར། “སྙན་ཞུའི་ནང‘གནོད་འགོག་གནོད་སེལ་གནོད་སྐྱོབས་དང་དཀའ་ཉེན་ཆེ་ལ་གློ་བུར་བྱུང་བའི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་ལེན་བྱེད་པའི་ནུས་པ་མཐོར་འདེགས’སོགས་ཀྱི་ནང་དོན་བཀོད་ཡོད་པས་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་སྔར་བཞིན་འགན་འཁྲི་ལེགས་སྒྲུབ་དང་རོགས་སྐྱོབ་རྩལ་ནུས་སྦྱོང་བ། རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་ལ་དགོས་མཁོ་ཆེ་སར་ནམ་ཡང་འབད་འཐབ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། དེ་མིན་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་རྒྱུ་ཡིན།”
འཐུས་མི་ལུའེ་ཀང་གིས་བཤད་རྒྱུར། “སྙན་ཞུའི་ནང‘ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས’ཞེས་གསུངས་ཤིང་། ལོ་མང་པོའི་རིང། ང་ཚོས་ལྗང་མདོག་ཐཱན་ཉུང་སྣེ་ཁྲིད་དུ་བྱས་ནས་ཆ་ཚང་ཞིང་ཡང་དག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་ཐོན་ལས‘གནས་བཞིའི’འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལག་ལེན་དུ་བསྟར་ཡོད། གོམ་སྟབས་རྗེས་མར། ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་གནང་བའི་བརྗིད་ཆེའི་འཆར་འགོད་ལ་སློབ་སྦྱོང་ཏན་ཏིག་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན།”
ཡིག་སྒྱུར་བ། རྟ་མགྲིན་སྐྱབས།