བློ་མཐུན་ཞི་ཅིན་ཕིང་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་པ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཛམ་གླིང་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་དམ་པོར་ཆུད་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཁོང་དུ་དམ་པོར་ཆུད་པར་བྱེད་པ། རླབས་ཆེན་རང་ངོས་གསར་བརྗེ་ཡིས་རླབས་ཆེན་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་རེ་བ་གལ་ཆེན་ཁོང་དུ་དམ་པོར་ཆུད་པར་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་བཅས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་ཏུ་སྲ་ཞིང་མཁྲེགས་པའི་རྣོ་ལྕགས་ལྟར་མཐུན་སྒྲིལ་དམ་པོ་བྱས་ཏེ། སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་མཚོ་རླུང་དང་བསྡེབས་ནས་རྦ་རླབས་གཤགས་ནས་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
ཀོང་ཞི་འཐུས་ཚབ་ཚོགས་པའི་ལིག་ཉིང་དང་ལན་ཐེན་ལིས། ཀྲིག་ཅ་པེན། ཀྲུའུ་ཞའེ་ལན། ཀྲིན་ཀྲི་མིང་སོགས་འཐུས་མི་ལྔ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྙན་ཞུ་ལ་བསམ་འཆར་བཏོན་པ་དང་། སོ་སོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཞིའི་ལེའུ་གསར་བ་འབད་པས་འབྲི་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀུའེ་ལིན་ས་ཆའི་རི་ཆུ་ལ་སྲུང་སྐྱོབ་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རང་བདག་གསར་སྐྲུན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་གནད་དོན་ཐད་གཏམ་བཤད་སྤེལ། ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་མཐོ་ཚད་ནས་འགྲེངས་ཏེ། མ་འོངས་པའི་ལོ་ལྔ་དང་དུས་སྐབས་དེ་ལས་རིང་བོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ནི། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་གལ་ཆེན་ཞིག་ཡིན་པར་འདོད་ལ། ཚང་མས་སྙན་ཞུ་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་གཅིག་གྱུར་སྒོས་བསྟན།
ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་མཉམ་དུ་གྲོས་སྡུར་ཟབ་མོ་བྱས་པ་དང་། ཚང་མས་བསམ་ཚུལ་ལྷུག་པོར་བརྗོད། འཐུས་མི་ཚོས་གཏམ་བཤད་པར་ནན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་ཚབ་ཚོགས་པའི་འཐུས་མིའི་ངོས་ནས་གྲོས་སྡུར་ལ་ཞུགས་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་ཅེས་བསྟན་པར་མ་ཟད། དེར་བཞུགས་ཀྱི་འཐུས་མི་རྣམས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ས་ཡ་གཉིས་དང་འབུམ་ལྔ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་བྱེ་བ་ལྔ་དང་ས་ཡ་བདུན་པོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་ལག་བསྟར་བྱས་ཏེ། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་བསྣོལ་མར་འདྲེས་པའི་ཚོད་བགམ་དྲག་པོའི་འོག་ཏུ་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ལ། ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་པ་དང་། མི་དམངས་ཀྱི་འཚོ་བ་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་སྒོས་སྤེལ། མི་རིགས་མཐུན་སྒྲིལ་ཡིན་པ་དང་སྤྱི་ཚོགས་བརྟན་བརླིང་ཡིན་ལ། མཐའ་མཚམས་བདེ་འཇགས་ཡིན། ཀོང་ཞིའི་ས་ཆ་སོ་སོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། གྲུབ་འབྲས་འདི་དག་གིས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེས་རྒྱལ་ལྷོ་མཚམས་ས་ཁུལ་དུ་ལག་ལེན་བྱས་པ་ལེགས་འགྲུབ་བྱུང་ཡོད་པ་མཚོན་ལ། རང་རྒྱལ་གྱི་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་བཅོས་སྒྱུར་གྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་ལྔ་དང་དུས་རབས་གསར་པའི་ཚུན་གྱི་ལོ་བཅུ་ནི། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་རྒྱུན་ལྡན་དང་སྤྱིར་བཏང་མིན། དངོས་སུ་མ་བརྒྱུད་དཀའ་ཁག་ཤེས་པ་དཀའ། སླ་སླ་འདྲ་ཡང་དཀའ་སྡུག་ཆེ་བ་མང་། ལོ་བཅུ་པོ་འདིའི་རིང་ལ། དཀའ་ཁག་ལ་འཕྲད་པའི་ཉེན་ཁ་ཡོད་པ་དང་དཀའ་སྡུག་གདོང་གིས་བསུ་བའི་བརྩོན་འགྲུས་ཡོད་ལ། འགག་སྒོ་སྒྲོལ་བའི་དཀའ་བ་ཡོད་ཀྱང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་མངོན་འགྱུར་བྱུང་ཡོད་ལ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལག་ལེན་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་བྱ་བའི་བཀོད་སྒྲིག་ཧ་ཅང་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་དོན་དངོས་དང་འཚམ་ཞིང་དེས་ཀྲུང་གོའི་མི་དམངས་ཀྱི་རེ་འདུན་མཚོན་ཡོད་ལ། དུས་རབས་ཀྱི་འཕེལ་རྒྱས་རེ་བ་དང་མཐུན་པར་མ་ཟད། བགྲོད་ལམ་ཡང་དག་དང་གེགས་མེད་ཡིན་ལ། གོམ་སྟབས་བརྟན་པོས་ལེགས་ལམ་དུ་བསྐྱོད་པ་ར་སྤྲོད་བྱས་ཡོད། ང་ཚོས་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་བཏང་སྟེ། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་དུ་ལོ་རྒྱུས་དང་མི་དམངས་ལ་གྲུབ་འབྲས་ཁྱད་དུ་འཕགས་པའི་རྒྱུགས་ལན་སྤྲོད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། དེའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ནས་དེའི་ནང་བརྒྱུས་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབསས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་བཟང་བོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ནན་གྱིས་བསྟན་དོན། མི་དམངས་བླ་མེད་པ་རྒྱུན་འཁྱོངས་དང་རང་རྟོན་རང་ཚུགས་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་བསམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས། དོན་ཚན་དྲུག་པོ་འདི་ལ་སློབ་སྦྱོང་དང་ལག་ལེན་ཁྲོད་དུ་ནན་ཏན་གྱིས་གོ་བ་བླངས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་མཚན་ཉིད། གཏན་ཚིགས་བཅས་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། དེའི་ཚིག་གོ་བར་མ་ཟད་དེའི་དོན་ལྷག་ཏུ་གོ་བ། ཕྱིའི་རྣམ་པ་ཧ་གོ་བར་མ་ཟད་དེའི་བསྟན་དོན་ལྷག་ཏུ་གོ་བར་བྱས་ནས།ཏང་གི་གསར་གཏོད་གཞུང་ལུགས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་བོར་དངོས་སུ་ལག་ལེན་དངོས་འབེབས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པར་ཞུགས་པའི་ཚུན་ལ། ཏང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་། འཐབ་ཇུས་རྒྱུན་མ་ཆད་པར་ཇེ་བཟང་དུ་སོང་ལ། ལག་ལེན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་བཏང་བ་དང་རྒྱ་བསྐྱེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱར་འགྲེལ་བཤད་གསལ་བོ་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྲུང་གོའི་ས་གཞིའི་སྟེང་རྩ་བ་ཚུགས་པ་དེ་ཀྲུང་གོའི་གནས་ཚུལ་དངོས་དང་མཐུན། ང་ཚོས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནམ་ཡང་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་ལྟ་བར་འཇོག་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་གཏོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བདེན་སྲུང་གསར་གཏོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ལོ་མང་དཀའ་སྤྱད་འབད་བརྩོན་བྱེད་པའི་ངེས་ཤུགས་ལ་བརྟེན་ནས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པ་དང་། བརྒྱ་འགལ་སྟོང་འགལ་བྱས་རུང་། མི་དམངས་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས་སྔ་ན་མེད་པའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྤེལ་ནས། རང་ངོས་གསར་བརྗེའི་བྱེད་ཐབས་ཆ་སྡེབས་སྤྱད། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པས། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་སྐུལ་སྤེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བར་ཁག་ཐེག་བྱེད་པ་དང་། ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ལྡན་སྲོག་ཤིང་འགོ་ཁྲིད་དུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་དང་། འབད་འཐབ་བྱས་ན་ད་གཟོད་ལེགས་འགྲུབ་འབྱུང་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དབུལ་ཕོངས་སེལ་བ། འབྱོར་འབྲིང་བསྐྲུན་པ། རིམས་ནད་འགོག་སྡོམ་བྱས་པ། གནོད་འཚེ་ཚབས་ཆེན་བཀག་པ། འགྱུར་བབ་དང་བསྟུན་པ། ཉམས་ཉེན་སེལ་བ་བཅས་བྱས་ཏེ། བལྟས་ཚོད་ཀྱིས་དེལ་དཀའ་བའི་འགག་སྒོ་དང་འགོག་རྐྱེན་ཅི་རིགས་སེལ་བ་དང་། མི་རྣམས་ཡ་ང་བར་བྱེད་པའི་ངོ་མཚར་བྱས་རྗེས་བསྐྲུན། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་ཐུང་བརྫེས་ནས་འབད་པ་ཆེན་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་གི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ཀོང་ཞི་ཡི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་དེའི་ཁྲོད་དུ་འདྲེས་པར་བྱེད་པའི་ཐད་ཐོད་བརྒལ་སྔར་ལས་ཆེན་པོ་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་སྔར་ལསཆེན་པོ་་འཇོག་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་སྔར་ལས་ཆེན་པོ་ལེན་པ་བཅས་བྱས་ནས། དུས་རབས་གསར་པའི་བརྗིད་ཆགས་ཡིད་འོང་གི་ཀོང་ཞི་འཛུགས་སྐྲུན་བྱེད་པའི་་རྣམ་པ་གསར་པ་འབད་པས་བསྐྲུན་དགོས་ཞེས་གསུངས།