ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། བློ་མཐུན་ཧན་ཀྲིན་ཁོ་ཡོད་སའི་ཧའེ་ནན་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། བློ་མཐུན་ཧན་ཀྲིན་གྱིས་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཧའེ་ནན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་འཐུས་མི་ཚོ་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་གྲོས་སྡུར་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུར་ཡོངས་སུ་འཐད་པ་བྱུང་བ་དང་དེར་གོང་བཀུར་ཞུ་རྒྱུ་ཡིན་ཞེས་བསྟན།
ཧན་ཀྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་ནང་དུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ་དང་མི་དམངས་ཀྱི་རེ་འདུན་མངོན་པར་མཚོན་ཡོད། སྙན་ཞུས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་སྟངས་འཛིན་ཡང་དག་བྱས་པ་དང་། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་ལ་སྤྱི་སྡོམ་བྱས་པ། དུས་རབས་གསར་པའི་སྐྱོད་ལམ་སྟེང་གི་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བཅས་བྱས་ནས། མ་འོངས་པའི་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྲིད་དོན་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་རྒྱས་བཤད་གནང་ཡོད། སྙན་ཞུས་རྒྱང་རིང་ལ་དམིགས་པ་དང་གསར་འབྱེད་གསར་གཏོད། བདེན་འཚོལ་དངོས་གཉེར་བཅས་བྱས་ཡོད་པས། དེར་བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དང་། དེ་ནི་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་འབྲི་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཞེས་བསྟན།
ཧན་ཀྲིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཏུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པར་གྱུར་བ་ནས་ཕྱུག་འགྱུར་བྱུང་བ་དང་། དེ་ནས་སྟོབས་ལྡན་དུ་གྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བྱུང་། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གནས་བབ་གཏན་འཁེལ་བྱས་པ་དེ་ནི། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་བཀོད་སྒྲིག་ལྟར་དུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཧན་ཀྲིན་གྱིས་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། གཅིག་གྱུར་གྱིས་འཕེལ་རྒྱས་དང་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། ཐོན་ལས་ཕྲེང་འབྲེལ་བཅས་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན།
ཧའེ་ནན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་བྱས་པར་བརྟེན། ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་། ཧན་ཀྲིན་གྱིས་འཐུས་མི་ཚོའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས། ཧའེ་ནན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་དགོས། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་དམིགས་ཏེ། འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ལམ་ལུགས་གཅིག་སྡུད་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཧའེ་ནན་གྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་སྟེ། གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།