ལིས་ཁི་ཆང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀན་སུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།
2022.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 353

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། བློ་མཐུན་ལིས་ཁི་ཆང་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀན་སུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། བློ་མཐུན་ལིས་ཁི་ཆང་ཁོ་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀན་སུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས། ལིས་ཁི་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན། ཁོས་བཤད་དོན། སྙན་ཞུ་ལས་འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་བསྒྱུར་བཅོས་ལ་སྤྱི་བསྡོམས་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་གསར་སྐྲུན་བྱས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་རང་གཤིས་བླང་བྱ་སོགས་གནད་དོན་གལ་ཆེན་རྒྱས་བཤད་བྱས་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་པ་ནི་མ་འོངས་པར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན།

ལིས་ཁི་ཆང་གིས་འཐུས་མི་རྣམས་དང་བརྗེ་རེས་ཟབ་མོ་བྱས། ཁོས་བཤད་དོན། ལོ་བཅུའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པའི་མཛུབ་སྟོན་འོག་ཏུ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་བླངས་པ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་ན། ངེས་པར་དུ་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གསལ་བོ་བྱེད་དགོས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་ཡིན། འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་སྲིད་དར་གྱི་ལས་འགན་དང་པོ་ཡིན། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་གསར་སྐྲུན་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་ཐད་ནས་སྤུས་ཚད་ཀྱི་ནུས་ལྡན་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་སྒོས་འཕར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། དཔལ་འབྱོར་བརྟན་འཇགས་ཐད་ཀྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་གང་ལེགས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་འོས་འཚམ་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་དགོས།

ལིས་ཁི་ཆང་གིས་བཤད་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།  ཚོང་རས་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་དུ་ཟིན་པའི་ཐག་ཆོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་དགོས། འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་བྱས་ནས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་དགོས། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པ་དང་ཞབས་ཞུའི་བཅོས་སྒྱུར་ལེགས་སྒྱུར་བྱས་ནས། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱེད་དགོས། ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་འགན་སྲུང་དང་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། བརྟན་བརླིང་སྒོས་སྒྲིག་སྲོལ་དང་དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱ་བསྐྱེད་དགོས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་སྒོས་མི་དམངས་ཡོངས་ལ་ཕན་བདེ་བསྐྲུན་དགོས།

ལིས་ཁི་ཆང་གིས་བཤད་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་གསལ་བོར་རྟོགས་པར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་པར་མ་ཟད་ནན་ཏན་སྒོས་སྒྲུབ་པ་དང་ཁག་ཁུར་བརྩོན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།